རྒྱ་ནག་གིས་ཧོང་ཀོང་དང་འབྲེལ་བའི་ཁྲིམས་གཞི་གཏན་འབེབས་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་ཁྲལ།
རྒྱ་ནག་གཞུང་གིས་ཧོང་ཀོང་དང་འབྲེལ་བའི་བདེ་འཇགས་ཁྲིམས་གཞི་གསར་བ་གཏན་འབེབས་བྱས་བས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བློ་འཚབ་འཕར་མ་ཡོང་བཞིན་འདུག
-
2020-05-28 -
-
-
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་ཧོང་ཀོང་དང་འབྲེལ་བའི་བདེ་འཇགས་ཁྲིམས་གཞི་གསར་བ་གཏན་འབེབས་བྱས་བས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བློ་འཚབ་འཕར་མ་ཡོང་བཞིན་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་འཛིན་པའི་སྲིད་ཇུས་ཐད་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་། དེ་བཞིན་རྒྱལ་སྤྱིའི་གཞུང་དང་སྤྱི་ཚོགས་ཀྱིས་སེམས་འཚབ་དང་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པའི་ཁྲོད། འདི་ཚེས་༢༨་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཉིན་མཐའ་མའི་ཐོག་རྒྱ་ནག་གིས་ཧོང་ཀོང་གི་བདེ་འཇགས་ཐད་ཀྱི་ཁྲིམས་འཆར་གསར་བ་ཞིག་གཏན་འབེབས་བྱུང་ཡོད་ལུགས་བསྒྲགས་འདུག
ཕྱིར་བསྒྲགས་བྱས་པར་ལྟར་ན། ཁྲིམས་འཆར་དེར་འཐུས་མི་ ༢༨༧༨ ་གྱིས་རྒྱབ་སྐྱོར་དང་། མོས་མཐུན་མེད་མཁན་གཅིག བར་གནས་མི་༦ དེ་བཞིན་མི་གཅིག་གིས་འོས་ཤོག་འཕེན་བྱེད་ཀྱི་འཕྲུལ་ཆས་བེད་སྤྱོད་བཏང་ཐུབ་མེད་ལུགས་བསྒྲགས་འདུག
གནད་དོན་དཔྱད་ཞིབ་པ་རྣམས་ཀྱིས། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཟེར་བ་དེ་ནི། མིང་ཙམ་ལས་དོན་དངོས་ཐོག་གནད་དོན་ཐག་གཅོད་བྱེད་དབང་གང་ཡང་མེད་པར། ཡོད་ཚད་གོང་རིམ་ནས་སྔ་ས་ནས་གོ་སྒྲིག་བྱས་ཟིན་པ་དང་། ཡང་ན་གོང་རིམ་ནས་ཐད་ཀར་བཀོད་སྒྲིག་བྱེད་ཀྱི་ཡོད་པ་ཞིག་ཡིན་དུས། གཟའ་འཁོར་གོང་མར་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་གཞི་དོན་ཚན་བསྒྲགས་པའི་སྐབས་ནས་གཏན་འབེབས་ཡོང་ངེས་ཡིན་པར་གསུང་ཡོད།
ད་སྔ་ཁྱབ་བསྒྲགས་བྱས་པའི་ནང་། རྒྱ་ནག་གིས་བཟོས་པའི་ཧོང་ཀོང་ཐོག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཆར་གསར་པ་དེ་ནི། གཙོ་བོ་རྒྱལ་ཁབ་ཁ་བྲལ་དང་། སྲིད་དབང་མགོ་རྟིང་སློག་པ། འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་གོ་སྒྲིག་བྱས་པ། དེ་བཞིན་ཕྱིའི་རྒྱལ་ཁབ་དང་ཕྱིའི་སྟོབས་ཤུགས་ཀྱིས་ཧོང་ཀོང་ལ་ཐེ་ཇུས་བྱེད་པའི་བྱེད་སྒོ་རིགས་བཀག་སྡོམ་ཆེད་དུ་ཡིན་པར་བསྒྲགས་ཀྱི་ཡོད།
འོན་ཀྱང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ཁྲིམས་འཆར་དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་རྩ་མེད་གཏོང་རྒྱུའི་ངན་བྱུས་ཤིག་ཡིན་པའི་སྐྱོན་བརྗོད་དང་འབྲེལ་ངོ་རྒོལ་ལས་འགུལ་རྒྱ་ཆེ་སྤེལ་བཞིན་ཡོད།
དེ་སྔ་སྤྱི་ལོ་ ༢༠༡༤ ་ལོའི་ཧོང་ཀོང་གི་ཆར་གདུགས་གསར་བརྗེའི་སྣེ་ཁྲིད་པ་ན་གཞོན་དམངས་གཙོ་དོན་གཉེར་བ་(Joshua Wong)་ཡིས། འདི་ཚེས་༢༨་ཉིན་གསར་འགོད་གསལ་བསྒྲགས་ཐོག་དེ་ལྟར་རྒྱ་ནག་གཞུང་གིས་བཙན་དབང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཆར་དེ་ལག་བསྟར་བྱས་ཚེ། ཧོང་ཀོང་གི་ཁྲིམས་ཀྱི་དབང་བསྒྱུར་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གཉིས་ཀ་རྒྱ་ནག་གི་སྒེར་གཅོད་སྲིད་གཞུང་ནང་འཐིམ་ཉེན་ཡོད་པས། འཛམ་གླིང་གི་རྒྱལ་ཁབ་གང་མང་ནས་ཧོང་ཀོང་ལ་རྒྱལ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་འདུག
ཆབ་སྲིད་དཔྱད་བརྗོད་པ་རྣམས་ཀྱིས་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཆར་གསར་པ་གཏན་འབེབས་བྱས་པ་དེ་རིང་མིན་སྤྱི་ཟླ་བརྒྱད་པ་དགུ་པའི་ནང་དངོས་སུ་ལག་བསྟར་བྱེད་སྲིད་པའི་ཚོད་དཔག་གནང་གི་འདུག་ལ། དེས་མ་འོངས་ཧོང་ཀོང་ནང་དེ་སྔ་མི་དམངས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བ་དང་། གཞུང་ལ་སྐྱོན་བརྗོད་བྱེད་པ་སོགས་ཀྱི་རང་དབང་ཡོད་པ་དེ་དག་མེད་པར་འགྱུར་ནས་ཧོང་ཀོང་དཀའ་ངལ་ནང་ལྷུང་རྒྱུ་ཡིན་པར་གསུང་གི་འདུག
བོད་རྒྱའི་གནད་དོན་ཉམས་ཞིབ་པ་ཀུན་དགའ་བཀྲིས་ལགས་ཀྱིས་དཔྱད་བརྗོད་གནང་སྐབས། རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་ཁྲིམས་འཆར་གསར་པ་དེ་དངོས་སུ་ལག་བསྟར་བྱས་ཆེ་ཧོང་ཀོང་ནང་འགྱུར་བ་གཙོ་བོ་གཉིས་ཡོང་རྒྱུ་ཡིན་པར་བརྗོད་ཀྱི་ཡོད་ཅིང་། དེ་ཡང་གཅིག་ནི་ཧོང་ཀོང་མི་དམངས་རྣམས་རང་དབང་མེད་པའི་ས་ཁུལ་དེ་ནས་ཕྱིའི་རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་དུ་འགྲོ་མཁན་མང་པོ་ཡོང་རྒྱུ་དང་། འགྱུར་བ་གཉིས་པ་དེ་ནི་ད་སྔ་ཧོང་ཀོང་དེ་བཞིན་འཛམ་བུ་གླིང་གི་དཔལ་འབྱོར་ལྟེ་གནས་གྲས་ཤིག་ཡིན་ཡང་། ཁྲིམས་འཆར་གསར་པ་དེས་ཧོང་ཀོང་ནང་རང་དབང་མེད་པར་འགྱུར་རྗེས་ཕྱིའི་མ་རྩ་འཛུགས་མཁན་རྣམས་ཀྱིས་མ་རྩ་ཕྱིར་འཐེན་བྱ་སྲིད་པ་སོགས་ཀྱི་ཚོད་དཔག་གནང་མཁན་མང་པོ་ཡོད་པ་གསུང་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཆར་གཏན་འབེབས་ཐད། ཨ་རི་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པ་ལྟར། ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚེའི་དབྱིང་ཝུན་གྱིས་ཐེ་ཝན་གྱིས་ཀྱང་འཛམ་གླིང་རྒྱལ་ཁབ་གཞན་ལྟར། ཧོང་ཀོང་མི་དམངས་ཐོག་སེམས་འཚབ་ཡོད། གལ་ཏེ་ཧོང་ཀོང་མི་དམངས་ལ་དཀའ་ངལ་འཕྲད་ན་ཐེ་ཝན་གྱིས་དགོས་ངེས་ཀྱི་རོགས་རམ་གནང་རྒྱུ་ཡིན་པ་གསུང་འདུག