རྒྱ་ནག་གིས་ཧོང་ཀོང་སྟངས་འཛིན་བདེ་བའི་ཆེད་ཁྲིམས་གཞི་གཏན་འབེབས་བྱ་འཆཪ།
རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཧོང་ཀོང་དང་འབྲེལ་བའི་ཁྲིམས་འཆར་ཐད་གྲོས་མོལ་བྱེད་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དོ་སྣང་ཆེན་པོ་བྱེད་བཞིན་འདུག
-
2020-05-22 -
-
-
Your browser doesn’t support HTML5 audio
རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཧོང་ཀོང་དང་འབྲེལ་བའི་ཁྲིམས་འཆར་ཐད་གྲོས་མོལ་བྱེད་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དོ་སྣང་ཆེན་པོ་བྱེད་བཞིན་འདུག
རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་རྐྱེན་པས། ད་ལོར་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་གཉིས་དུས་ཐོག་ཚོགས་མ་ཐུབ་པར་ཉིན་གྲངས་༧༨་ལྷག་ལ་དུས་འགྱངས་བྱས་བའི་རྗེས་ཚོགས་ཡུན་ཇེ་ཐུང་དུ་བཏང་ནས་ཟླ་འདི་ཚེས་༢༡་ཉིན་ནས་རིམ་པར་ཚོགས་བཞིན་ཡོད་པ་དང་། ཚོགས་འདུའི་སྐབས་གནད་དོན་གཙོ་བོ་བརྒྱད་ཙམ་གྱི་ཐད་གྲོས་བསྡུར་བྱེད་རྒྱུ་ཡིན་པའི་ཁྲོད། རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་པ་ནི་ཧོང་ཀོང་དང་འབྲེལ་བའི་ཁྲིམས་འཆར་དེ་ཡིན་པ་རེད།
ཨེ་པི་(AP)་སོགས་རྒྱལ་སྤྱིའི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ངོ་རྒོལ་གྱི་ལས་འགུལ་སོགས་འགོག་ཐབས་སུ། ད་རེས་ཚོགས་ཆེན་སྐབས་ཧོང་ཀོང་དང་འབྲེལ་རྒྱལ་ནང་བདེ་སྲུང་གི་ཁྲིམས་གཞི་ཞེས་པ་ཞིག་གི་ཁྲིམས་འཆར་བཏོན་ཡོད་པ་དང་། སྔ་ལོ་ཧོང་ཀོང་གི་དམངས་གཙོར་རྒྱབ་སྐྱོར་བྱ་མཁན་ཚོས་ངོ་རྒོལ་གྱི་ལས་འགུལ་ཟླ་བ་མང་པོའི་རིང་བསྟུད་མར་སྤེལ་བའི་རྗེས། ད་ཆ་རྒྱ་ནག་གིས་ཧོང་ཀོང་ཐོག་བདེ་སྲུང་གི་ཁྲིམས་གཞི་དེ་གཏན་འབེབ་བྱས་རྗེས་རྒྱ་ནག་གིས་ཧོང་ཀོང་ཐོག་སྟངས་འཛིན་སྔར་ལྷག་བྱ་ཐུབ་ཆེད་ཡིན་ལུགས་སོགས་གནས་ཚུལ་སྤེལ་འདུག
འདི་ཚེས་༢༡་ཉིན་རྒྱ་ནག་གི་མགྲིན་ཚབ་པ་(ZhangYesui)་ཡིས་གསར་འགོད་ལྷན་ཚོགས་ཐོག ད་རེས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཐོག་ཧོང་ཀོང་གི་ཁྲིམས་ལུགས་ཡར་རྒྱས་གཏོང་ཐབས་དང་། རྒྱལ་ནང་བདེ་སྲུང་གི་ཆེད་ཁྲིམས་འཆར་ཞིག་བཏོིན་རྒྱུ་ཡིན་ལུགས་བཤད་ཡོད་པ་དང་། རྒྱ་ནག་གིས་རྒྱུན་རིང་ནས་ཧོང་ཀོང་ཐོག་ཁྲིམས་ལུགས་དེ་འདྲ་ཞིག་བཟོ་རྒྱུའི་བསམ་ཞིབ་བྱ་བཞིན་ཡིན་པ་དང་། སྔ་ལོ་ཟླ་བ་མང་པོའི་རིང་
དམངས་གཙོར་རྒྱབ་སྐྱོར་ཞུ་མཁན་ཚོས་ས་གནས་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས། རྒྱ་ནག་གཞུང་གིས་བྲེལ་འཚུབ་ངང་ཧོང་ཀོང་ཐོག་བདེ་སྲུང་གི་ཁྲིམས་ལུགས་ཤིག་གཏན་འབེབས་བྱ་རྒྱུའི་འཆར་གཞི་གཏིང་བ་ཞིག་ཡིན་པ་རེད།
ཕྱི་ལོ་༢༠༠༣་ལོར་ཧོང་ཀོང་ས་གནས་སྲིད་གཞུང་གིས། ཧོང་ཀོང་གི་གཞི་རྩའི་རྩ་ཁྲིམས་ནང་རྒྱ་ནག་ལ་རྒྱབ་གཏོད་དང་། གྱེན་ལངས། ཁྲ་བྲལ་གྱི་ལས་འགུལ། དེ་བཞིན་གཞུང་མགོ་རྟིང་སློག་རྩིས་སོགས་བྱ་རུ་འཇུག་རྒྱུ་མིན་པའི་ཁྲིམས་གཞི་ཞིག་གཏན་འབེབ་གནང་ཡང་ཁྲིམས་གཞི་དེར་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་པའི་རྗེས་ཁྲིམས་གཞི་དེ་ཕྱིར་འཐེན་བྱ་དགོས་བྱུང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་(Donald Trump)་ལགས་ཀྱིས་ཚེས་༢༡་ཉིན། ཕོ་བྲང་དཀར་པོ་ནས་མེ་ཆི་གྷན་མངའ་སྡེར་(Michigan)་ཕེབས་ཐོན་མ་གནང་གོང་། གསར་འགོད་ལྷན་ཚོགས་སར། གལ་སྲིད་རྒྱ་ནག་གིས་ཧོང་ཀོང་ཐོག་སྟངས་འཛིན་ནན་པོ་བྱ་རྒྱུའི་ཁྲིམས་གཞི་ཞིག་གཏན་འབེབ་བྱས་པ་ཡིན་ན། ཨ་རིས་དེར་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་རྒྱུ་ཡིན་ལུགས་གསུངས་འདུག དེ་བཞིན་ཨ་རིས་ཁྲིམས་འཆར་དེར་ངོ་རྒོལ་གནང་བ་དང་སྦྲགས་ཚོང་ལས་ཐོག་རྒྱ་ནག་ནི་ཨ་རིས་དགའ་མོས་ཆེ་ཤོས་བྱ་ཡུལ་རྒྱལ་ཁབ་ཞིག་ཡིན་པའི་གནས་འབབ་དེ་ཡང་ཕྱིར་འཐེན་བྱ་རྒྱུའི་ཉེན་བརྡ་བཏང་ཡོད། ད་དུང་གལ་སྲིད་རྒྱ་ནག་གིས་ཧོང་ཀོང་ཐོག་ཁྲིམས་ལུགས་གསར་པ་དེ་འདྲ་ཞིག་གཏན་འབེབ་བྱས་པ་ཡིན་ན། དེས་ཧོང་ཀོང་ནང་ངོ་རྒོལ་གྱི་ལས་འགུལ་མང་དུ་འགྲོ་སྲིད་པ་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྐྱེན་པས་ད་རེས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་སྐབས། པེ་ཅིང་དུ་ཡོད་པའི་གསར་འགོད་པ་ལས་ས་ཁོངས་ཕྱིའི་གསར་འགོད་པ་པེ་ཅིང་དུ་ཡོང་བཅུག་མེད་པ་རེད།
དེ་བཞིན་ད་རེས་རྒྱ་ནག་གཞུང་གིས་ཚོགས་ཆེན་སྐབས་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཆར་ཞེས་བར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཚོས་ངོ་རྒོལ་དང་སྐྱོན་བརྗོད་བྱེད་བཞིན་པ་དང་། ཧོང་ཀོང་གི་དམངས་གཙོ་ཚོགས་པའི་ཚོགས་མི་ཚོས་ཚེས་༢༢་ཉིན། རྒྱ་ནག་དབུས་གཞུང་གི་ཧོང་ཀོང་དུ་བཅའ་སྡོད་ཧོང་ཀོང་འབྲེལ་མཐུད་ལྷན་ཁང་མདུན་འཕྲེད་དར་འཕྱར་བཞིན་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་མ་ཟད་། ད་དུང་ཧོང་ཀོང་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་ཚོགས་མི་ཚོས། ད་ཆ་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཞིག་གསར་འཛུགས་བྱས་ཏེ། དེ་སྔ་རྒྱ་ནག་གཞུང་རང་ཉིད་ནས་ཧོང་ཀོང་ཐོག་ཁས་ལེན་བྱས་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྒྲོམ་གཞི་དེ། ད་ཆ་རྒྱ་ནག་གཞུང་སོ་སོས་བརྩིས་མེད་བཏང་ཞིང་དེ་དང་རྒྱབ་འགལ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་དྲག་པོ་གནང་འདུག
གོང་ཞུས་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་འཆར་བཀོད་བྱས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཆར་ཞེས་པ་དེ། འདི་ཚེས་༢༢་ཉིན། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཞེས་པའི་ཚོགས་འདུའི་ཉིན་དང་པོར་ཕུལ་ཡོད་ཅིང་། ཁྲིམས་འཆར་དེའི་ནང་། ཧོང་ཀོང་དུ་རྒྱལ་ཁབ་ཁ་བྲལ་དང་མགོ་རྟིང་བསློག་པའི་བྱ་སྤྱོད། དེ་བཞིན་ཕྱི་རྒྱལ་གྱི་ཐེ་ཇུས་དང་། འཇིག་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་བཅས་བཀག་འགོག་བྱེད་དགོས་ཞེས་པའི་གཏན་འབེབ་དེ་འདྲ་བཟོས་ཡོད་ཅིང་། ཁྲིམས་གཞི་དེ་ནི་ལོ་མང་རིང་པེ་ཅིང་ལ་ཚོགས་པའི་རྒྱ་ནག་མི་དམངས་འཐུས་ཚོགས་ཐོག་རྩོད་གཞི་ཆེ་ཤོས་ཡོད་པའི་གྲོས་འཆར་གྲས་ཤིག་ཡིན་པ་རེད།