ཨ་རིའི་གྲོས་ཚོགས་འོག་མའི་ནང་ཧོང་ཀོང་ཐད་ཀྱི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག

ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་འོག་མའི་ནང་སྤྱི་མོས་རྒྱབ་སྐྱོར་ཐོབ་སྟེ་གྲོས་ཚོགས་གོང་མར་ཕུལ་ཡོད་འདུག

ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༡༩།༢།༡༢ Lhuboom/RFA

ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་འོག་མའི་ནང་སྤྱི་མོས་རྒྱབ་སྐྱོར་ཐོབ་སྟེ་གྲོས་ཚོགས་གོང་མར་ཕུལ་ཡོད་འདུག  
ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་(Hong Kong Human Rights and Democracy Act )་ཁྲིམས་འཆར་ཞེས་པའི་གྲོས་ཆོད་དང་། ཡང་(Protect Hong Kong Act)་སྟེ། ཧོང་ཀོང་སྲུང་སྐྱོབ་ཀྱི་ཁྲིམས་འཆར་ཞེས་པའི་གྲོས་ཆོད་གཉིས་དང་། སྤྱི་ཡོངས་རྒྱ་ནག་གིས་ཧོང་ཀོང་གི་འཛིན་སྐྱོང་གི་གནད་དོན་ལ་ཐེ་གཏོགས་བྱས་དང་བྱེད་བཞིན་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་བཅས་པའི་གྲོས་འཆར་གསུམ་པོ་དེ། བོད་དོན་སོགས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན། ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་(Jim McGovern)་དང་། ཡང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་(Chris Smith)་དམངས་གཙོ་ཚོགས་པའི་འཐུས་མི་(Ro Khanna)་བཅས་གསུམ་གྱིས་འདོན་སྤེལ་གནང་བའི་གྲོས་འཆར་ལ། སྲིད་དོན་ཚོགས་པ་ངོ་བོ་དབྱེ་མེད་ཀྱི་འཐུས་མི་རྣམ་པས་སྤྱི་མོས་གཏན་འཁེལ་གནང་ཡོད་པ་རེད།
ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་ཞེས་པའི་གྲོས་ཆོད་ནང་། ཨ་མི་རི་ཀའི་གཞུང་གིས་ཧོང་ཀོང་ལ་ད་བར་མཁོ་སྤྲོད་གནང་བའི་དམིགས་བསལ་གྱི་ཚོང་འབྲེལ་གོ་སྐབས་དེ་བཞིན་མུ་མཐུད་མཁོ་སྤྲོད་བྱ་དགོས་མིན་ཐད་ལོ་ལྟར་ཕྱི་སྲིད་དྲུང་ཆེ་མཆོག་ནས་རྟོག་ཞིབ་དགོས་གལ་དང་། ཡང་ཧོང་ཀོང་སྲུང་སྐྱོབ་ཀྱི་ཁྲིམས་འཆར་དེའི་ནང་། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ནས་ཧོང་ཀོང་གི་ཉེན་རྟོག་པས་ངོ་རྒོལ་གནང་མཁན་མང་ཚོགས་ཐོག་བེད་སྤྱོད་བྱས་དང་བྱེད་བཞིན་པའི་མིག་ཆུའི་དུག་རླངས་དང་། གཞན་ཡང་ལག་སྦོམ་དང་འགྱིག་གི་མདེའུ། མེ་མདའ་བཅས་པ་ཕྱིར་བཙོང་དམ་དྲག་བྱས་ཡོད་པ་རེད།
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སེ་(Nancy Pelosi)་མཆོག་གིས་གྲོས་ཆོད་གཏན་འཁེལ་གྱི་གསུང་བཤད་ནང་། གལ་ཏེ་ཨ་མི་རི་ཀའི་ངོས་ནས་ཚོང་དོན་ཁེ་ཕན་གཙོ་བཟུང་གིས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་སྐད་ཆ་བཤད་མ་ཐུབ་པ་ཡིན་ན། ཨ་མི་རི་ཀར་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་བྱ་རྒྱུའི་བཟང་སྤྱོད་དེ་མེད་པ་ཆགས་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
ཚེས་༡༥་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འཁེལ་བྱུང་བའི་གྲོས་ཆོད་དེ་བཞིན། གཟའ་འཁོར་གཅིག་གཉིས་ཤིག་ནང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་འཁྱེར་ཡོང་རྒྱུ་དང་། གྲོས་ཚོགས་གོང་མའི་ནང་གྲོས་འཆར་དེ་ད་ལྟ་ག་དུས་འཁྱེར་ཡོང་གི་ཡོད་མེད་གཏན་འཁེལ་མེད་པ་དང་། གལ་ཏེ་གྲོས་ཚོགས་གོང་མའི་ནང་དུའང་མང་མོས་རྒྱབ་སྐྱོར་ཐོབ་པ་ཡིན་ན། གྲོས་ཆོད་དེར་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་ཡོང་གི་ཡོད་པ་རེད།
གྲོས་ཆོད་དེ་ནི་ཧོང་ཀོང་ནང་གི་དམངས་གཙོའི་ལས་འགུལ་བ་ཚོའི་རེ་འདུན་ཞིག་ཀྱང་ཡིན་པ་རེད།
ཚེས་༡༦་ཉིན་ཧོང་ཀོང་གི་སྤྱི་ཁྱབ་པ་(Carrie Lam)་གིས་ཧོང་ཀོང་གྲོས་ཚོགས་ནང་ལོ་འཁོར་གསུང་བཤད་གནང་སྐབས། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམ་པས་ངོ་རྒོལ་གྱིས་ཁོ་མོར་ཉེན་རྟོག་པའི་ཇག་ཚོགས་དཔུང་སྡེའི་ཨ་མ་ཞེས་པ་སོགས་ཀྱི་མིང་ངན་བཏགས་ཏེ་གསུང་བཤད་གནང་མ་ཐུབ་པ་བཟོས་པའི་རྗེས། མཐར་ཁོ་མོས་དུས་ཡུན་སྐར་མ་༥༠་ཙམ་གྱི་གསུང་བཤད་ཅིག་བརྙན་འཕྲིན་བརྒྱུད་གནང་དགོས་བྱུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org