ཧོང་ཀོང་ནང་འགོས་ནད་སྔོན་འགོག་ཆེད་ཁྱིམ་བྱ་མང་པོ་སྡེབ་བསད་བཏང་བ།
ཧོང་ཀོང་ནང་བྱ་ནད་འགོས་ཁྱབ་མི་འགྲོ་བའི་སྔོན་འགོག་ཆེད་དུ་ཧོང་ཀོང་ས་གནས་གཞུང་གིས་ཁྱིམ་བྱ་ཉིས་སྟོང་བདུན་བརྒྱ་སྡེབ་བསད་བཏང་ཡོད་པ་རེད།
-
2008-06-07 -
-
-
༄༅༎ཧོང་ཀོང་གི་ས་ཁུལ་ཞིག་ནང་གི་ཁྲོམ་ར་མང་པོའི་ནང་བྱ་ནད་འགོས་ཁྱབ་བྱུང་བའི་ཁྱིམ་བྱ་ཐོན་པར་བརྟེན་བྱ་ནད་གཞན་ལ་འགོས་ཁྱབ་མི་འགྲོ་བའི་སྔོན་འགོག་ཆེད་དུ་ཧོང་ཀོང་ས་གནས་གཞུང་གིས་ཁྱིམ་བྱ་ཉིས་སྟོང་བདུན་བརྒྱ་སྡེབ་བསད་བཏང་ཡོད་པ་རེད། ལྷག་པར་དུ་ཧོང་ཀོང་གི་དཔོན་རིགས་ནང་འདྲེན་བྱ་རྒྱུ་བཀག་འགོག་བྱས་པ་དང་། དེ་བཞིན་ཧོང་ཀོང་ས་གནས་ནང་ཁུལ་ཕན་ཚུན་ལ་ཁྱིམ་བྱ་འོར་འདྲེན་དང་ཚོང་འགྲེམས་བྱ་རྒྱུ་ཡང་བཀག་འགོག་བྱས་ཡོད་པ་རེད། ཧོང་ཀོང་གི་འབྲེལ་ཡོད་དཔོན་རིགས་ནས་གསུངས་ན། བྱ་ནད་ཀྱིས་རྐྱེན་པས་ཁྱིམ་བྱ་ཉེས་སྟོང་བདུན་བརྒྱ་སྡེབ་བསད་བཏང་ཡོད་ཀྱང་ད་དུང་ཧོང་ཀོང་གི་ས་ཁུལ་མང་པོ་ཞིག་ནང་འགོས་ཁྱབ་ཕྱིན་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་ཡིན་ཚེ་བྱ་རིགས་མང་པོ་ཞིག་སྡེབ་གསོད་གཏོང་དགོས་པའི་གནས་ཚུལ་ཡོང་རྒྱུ་ཡིན་ཞིང༌། ད་ལྟ་བར་ཤེས་རྟོགས་བྱུང་བ་ནི་ཁྲོམ་རའི་ནང་བྱ་ནད་ཡོད་པར་བརྟེན་ནས་ཁྲོམ་ར་དེའི་ནང་གི་ཁྱིམ་བྱ་ཡོངས་རྫོགས་སྡེབ་བསད་བཏང་བ་དང་གལ་ཏེ་ཁྲོམ་ར་གཞན་དག་ནང་ལའང་བྱ་ནད་འགོས་ཁྱབ་ཕྱིན་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་ཡིན་ཚེ་དེ་ནི་གནས་སྟངས་ཛ་དྲག་ཏུ་ཕྱིན་པ་ཞིག་ཡིན་པས་ངེས་པར་བྱ་ནད་ཐོན་ཡུལ་ཁྲོམ་ར་གང་ཡིན་དེའི་ནང་ཚོང་འགྲེམས་བྱེད་ཡུལ་གྱི་ཁྱིམ་བྱ་ཡོངས་རྫོགས་འཕྲལ་དུ་མེད་པ་བཟོས་དགོས་པའི་སྐོར་གསུངས་ཡོད་པ་རེད། ད་རེས་ཧོང་ཀོང་ནང་བྱ་ནད་ཡོད་པའི་གནས་ཚུལ་ཐོན་པ་དེ་ནི་དུས་རྒྱུན་ནས་བྱ་ནད་ཡོད་མེད་བརྟག་དཔྱད་བྱེད་པའི་ཆེད་དུ་ཟླ་བ་འདིའི་ཕྱི་ཚེས་༣ ཉིན་ཧོང་ཀོང་གི་མངའ་སྡེ་ཞིག་གི་ཁྲོམ་ར་ནས་བྱ་ཤ་ཕན་མེད་ལྔ་ཙམ་ལ་བརྟག་དཔྱད་བྱས་པའི་རྗེས་ཤེས་རྟོགས་བྱུང་བ་དང་ད་ཆ་ཁྲོམ་ར་དེ་བཞིན་བྱ་ནད་འགོས་ཁྱབ་ཟིན་པའི་ས་ཁུལ་ནང་ཁྱིམ་བྱ་ཚོང་འགྲེམས་བྱ་མི་ཆོག་པའི་དམ་བསྒྲགས་བྱས་ཡོད་པ་རེད།