ཧོང་ཀོང་ལ་རང་བཙན་རག་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ།

ལས་འགུལ་བས་ཧོང་ཀོང་དབྱིན་ཇིའི་མངའ་ཁོངས་སུ་ཕྱིར་ལོག་བྱས་ནས་རིམ་པས་རང་བཙན་རག་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་རེད།

ཧོང་ཀོང་ནང་རྒྱ་ནག་གི་དབང་འཛིན་ལ་རྒྱབ་སྐྱོར་བྱ་མཁན་དང་དམངས་གཙོའི་ལས་འགུལ་སྤེལ་མཁན་དབར་འཁྲུག་འཛིང་ཤོར་སྐབས། ༢༠༡༤།༡༠།༣ AFP

རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་སྟངས་འཛིན་ཆེ་རུ་བཏང་བཞིན་པར་བརྟེན་ཧོང་ཀོང་གི་ལས་འགུལ་སྤེལ་མཁན་ཁག་ཅིག་གིས། ཧོང་ཀོང་དབྱིན་ཇིའི་མངའ་ཁོངས་སུ་ཕྱིར་ལོག་བྱས་ནས་རིམ་པས་ཧོང་ཀོང་ལ་རང་བཙན་རག་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་རེད།
དེ་ཡང་ཧོང་ཀོང་རང་བཙན་འཐོབ་རྒྱུར་རྒྱབ་སྐྱོར་བྱ་མཁན་ཁག་ཅིག་གིས་མནའ་འབྲེལ་ཚོགས་པ་ཞིག་གསར་འཛུགས་བྱས་ནས། ཧོང་ཀོང་རྒྱ་ནག་ནས་ཁ་བྲལ་གྱིས་དབྱིན་ཇིའི་མངའ་ཁོངས་སུ་ཕྱིར་ལོག་བྱ་རྒྱུར་འབད་བརྩོན་བྱ་རྒྱུའི་ལས་འགུལ་སྤེལ་ཡག་འགོ་འཛུགས་བྱས་ཡོད་པ་དང་། མནའ་མཐུན་ཚོགས་པ་དེའི་འགོ་ཁྲིད་Billy Chiu་ཞུ་བས། ཧོང་ཀོང་དབྱིན་ཇིའི་དབང་འོག་ཏུ་ཕྱིར་ལོག་བྱ་རྒྱུ་དེ་ནི་འཕོ་འགྱུར་གྱི་འཕེལ་རིམ་ཞིག་ཡིན་པ་ལས་མཐའ་མའི་དམིགས་ཡུལ་ནི་ཧོང་ཀོང་རང་བཙན་རྒྱལ་ཁབ་ཅིག་བྱ་རྒྱུ་དེ་ཡིན་ཞེས་བཤད་འདུག
དེ་བཞིན་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཚོས། རྒྱ་ནག་གི་ལག་ནས་རང་བཙན་ཐོབ་ཐབས་བྱས་པ་ལས་དབྱིན་ཇིའི་ལག་ནས་རང་བཙན་ཐོབ་ཐབས་བྱས་ན་རང་བཙན་ཐོབ་རྒྱུར་ཧ་ཅང་ལས་སླ་བ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག
རང་བཙན་ཚོགས་པ་དེའི་འགོ་ཁྲིད་Chiu ཡིས། མནའ་མཐུན་ཚོགས་པ་དེར་ཚོགས་མི་༣༠་ཙམ་ཡོད་པ་དང་། རིང་མིན་རེས་གཟའ་ཉི་མའི་ཉིན་ཚོགས་པའི་སྐོར་ཡོང་ཁྱབ་གསལ་བསྒྲགས་བྱ་རྒྱུ་ཡིན་ཞེས་བཤད་འདུག
སྐུ་ཞབས་Billy Chiu་ཡིས་ད་རེས་ཙམ་མིན་པར་དེ་སྔ་ཕྱི་ལོ་༢༠༡༣ལོར་ཧོང་ཀོང་དུ་ཡོད་པའིི་རྒྱ་ནག་མི་མང་བཅིངས་འགྲོལ་དམག་མིའི་དམག་སྒར་ལ་ངོ་རྒོལ་བྱས་ནས། རྒྱ་ནག་གི་དམག་སྒར་དེ་ཧོང་ཀོང་ནས་ཕར་འགྲོ་དགོས་པའི་ལས་འགུལ་སྤེལ་ནས་དམག་སྒར་དེར་ཉམ་ཆགས་བཟོས་ཡོད་པ་རེད། ཉེ་སྔོན་ཕྱི་ཟླ་གསུམ་པའི་ནང་ཧོང་ཀོང་ནང་ཚོགས་པ་གཞན་ཞིག་གིས་ཀྱང་ཧོང་ཀོང་རྒྱ་ནག་ནས་ཁ་བྲལ་འགྲོ་རྒྱུར་འདོད་པ་ཡོད་སྐོར་བཤད་ཡོད་པ་རེད། ཧོང་ཀོང་དེ་བཞིན་མི་ལོ་༥༠་ཙམ་རིང་དབྱིན་ཇིའི་མངའ་འོག་ཏུ་གནས་པའི་རྗེས་ཕྱི་ལོ་༡༩༩༧་ལོར་དབྱིན་ཇིས་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ཞིག་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org