གཞིས་ལུས་བོད་མི་ནི་བཙན་བྱོལ་བའི་སྤོབས་པ་དང་སྙིང་སྟོབས་ཡིན།
2014.07.03

བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་རྒན་བློ་བཟང་བསྟན་འཛིན་ལགས་སུ་ལ་དྭགས་བོད་ཁྱིམ་སློབ་ཟུར་རྣམ་པས་ཆེ་བསྟོད་གཟེངས་རྟགས་འབུལ་འདུག གསར་འགོད་པ་ཚེ་དབང་དངོས་གྲུབ་ལགས་ཀྱིས་གནས་འདྲི་ཞུས་པའི་ལེ་ཚན།
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། སྤྱི་ཟླ་༧ཚེས་༣ཉིན་༧་གོང་ས་མཆོག་གིས་ལ་དྭགས་བོད་ཁྱིམ་གྱི་ཐང་ཆེན་དུ་ལ་དྭགས་ཁུལ་གྱི་བོད་རིགས་རྣམས་ལ་དམིགས་བསལ་མཇལ་ཁ་བསྩལ་བ་དང་བཀའ་སློབ་གནང་སྐབས། བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་རྒན་བློ་བཟང་བསྟན་འཛིན་ལགས་སུ་ལ་དྭགས་བོད་ཁྱིམ་སློབ་ཟུར་རྣམ་པས་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་བཞིན་༧གོང་ས་མཆོག་གི་ཕྱག་ཟུང་བརྒྱུད་ནས་སྩལ་ཡོད་པ་དང་། དེ་ནི་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་རྒན་བློ་བཟང་བསྟན་འཛིན་ལགས་ཀྱིས་ལ་དྭགས་ཁུལ་དུ་དཀའ་ངལ་ཅན་གྱི་གནས་སྟངས་འོག་བོད་ཕྲུག་ཚོའི་ཤེས་ཡོན་ཆེད་ངལ་བ་དུ་མ་ཁྱད་དུ་བསད་ནས་འབད་བརྩོན་ཧུར་སྐྱེད་གནང་བར་བརྟེན་བོད་ཕྲུག་ཙམ་མ་ཟད། ལ་དྭགས་ས་གནས་ཕྲུ་གུ་མི་ཉུང་བ་ཞིག་ལ་ཧ་ཅང་ཕན་ཐོགས་བྱུང་ཡོད་པ་དེ་དག་ལ་ངོས་འཛིན་ཞུ་ཆེད་གཟེངས་རྟགས་ཕུལ་བ་ཞིག་ཡིན་འདུག སྐབས་དེར་༧གོང་ས་མཆོག་གིས། ང་ཚོ་བོད་གངས་ཅན་པ་ཟེར་སྔོན་ལོ་རྒྱུས་ཀྱི་ཐོག་ནས་སོ་སོར་སྤོབས་པ་དང་། ཡིད་ཆེས་ཡོད་མཁན་གྱི་མི་རིགས་ཞིག་ཡིན་དུས་བདེན་པའི་ལམ་ནས་འབད་བརྩོན་བྱས་ན་དཀའ་ངལ་ལས་རྒྱལ་ཐུབ་ཅེས་དང་། ལྷག་པར་གཞོན་སྐྱེས་ཚོ་ནི་བོད་མི་རིགས་དང་བཙན་བྱོལ་བའི་ཆ་ནས་བཤད་ན་འབྱུང་འགྱུར་མ་འོངས་བའི་སོན་རྩ་ཡིན་པས། སོ་སོའི་ཆོས་དང་རིག་གཞུང་དེང་རབས་ཀྱི་ཤེས་ཡོན་དང་ཟུང་དུ་འབྲེལ་ནས་འཛིན་ཐུབ་པ་དང་། བོད་ཀྱི་བདེན་མཐའ་གསལ་ཐུབ་རྒྱུར་དམིགས་བསལ་ལས་འགན་ཡོད་པ་སོགས་གསུངས་བ་དང་། ད་དུང་གཞི་ལུས་རྒྱ་ཆེ་མི་དམངས་ཚོས་བོད་མིའི་བླ་སྲོག་ཆོས་དང་རིག་གཞུང་སྐད་ཡིག་ལ་བདག་གཅེས་དང་། མི་རིགས་ལ་དགའ་ཞེན་བྱེད་བཞིན་པ་ནི་བོད་མི་བཙན་བྱོལ་བ་ཚོའི་སྤོབས་པ་དང་སྙིང་སྟོབས་ཡིན་པ་སོགས་གསུངས་འདུག
གསར་འགོད་པ་ཀླུ་འབུམ།
ཞིབ་ཕྲའི་གནས་ཚུལ་འདི་གའི་གསར་འགོད་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལ་གསན་རོགས།
གསར་འགོད་པ་བློ་བྷེ།