༧གོང་ས་མཆོག་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་བསྐྱང་གནང་རྒྱུ།
2015.07.25

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནང་པའི་ཆོས་ཚོགས་དང་དགོན་པ་ཚོགས་པ། སྤི་ཏུག་དགོན་པ་སོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་ ༧ ཚེས་ ༢༧ ནས་ ༣༠ བར་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་གནང་ཐུགས་གཏན་འཁེལ་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ཁུལ་ཡོད་པའི་ནང་པ་དང་ཁ་ཆེ། ཧིན་དྷུ་ལ་སོགས་པ་དད་ལྡན་ཡོངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་༧སྐུའི་འཁྲུངས་སྐར་དང་བསྟུན་༧སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་བཞུགས་ཤིག་བསྟར་འབུལ་ཞུ་རྒྱུ་ཡིན་འདུག་ལ། དེ་མིན་མཛད་འཆར་གྱི་ཁོངས་སུ་གཙོ་བོ་རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་འདྲ་མིན་གྱི་ནང་སློབ་སྦྱོང་བྱེད་བཞིན་པའི་ལ་དྭགས་སློབ་མ་ཚོར་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད་རྒྱུ་དང་། ལ་དྭགས་འཇམ་དབྱངས་སློབ་གྲྭར་ནང་ཆོས་ཀྱི་ཚན་རིག་དང་ནང་ཆོས་ཀྱི་ལྟ་གྲུབ་རྣམ་བཞག་ངོ་སྤྲོད། ཕྱི་ཚེས་ ༢༩ ཉིན་ལོ་ལྟར་ལ་དྭགས་ཀྱི་དགོན་སྡེ་ཁག་གི་དཔེ་ཆ་སློབ་གཉེར་བ་འདུ་འཛོམས་ཀྱི་ཐོག་ནས་ཚུགས་སྲོལ་ཡོད་པ་ཕར་ཕྱིན་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག་ལ། ཡང་ལ་དྭགས་ཀྱི་དད་ལྡན་མང་ཚོགས་ལ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བསྩལ་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་ཀྱི་ཆིབས་བསྒྱུར་སྐོར་ལྡི་ལི་ནས་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་པ་དེ་གསན་རོགས་གནང་།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་ཀྱི་ཆིབས་བསྒྱུར་སྐོར་ལྡི་ལི་ནས་ བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་པ་དེ་གསན་རོགས་གནང་།
གསར་འགོད་པ་བསོད་ནམས་སྟོབས་རྒྱས།