ཨི་ཊ་ལིའི་གྲོང་ཁྱེར་མེ་སི་ནྰ་དང་ཀ་ཊ་ལི་ན་གཉིས་ཀྱི་སྤྱི་ཁྱབ་པས་༧གོང་ས་མཆོག་ལ་ཕེབས་བསུ།

༧གོང་ས་མཆོག་ནས་ཨི་ཊ་ལིའི་མངའ་སྡེ་སི་སི་ལིའི་ནང་མང་ཚོགས་ལ་ཞི་བདེ་ནི་མི་རིགས་འདྲ་མིན་དབར་གྱི་མཐུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་བ།

༧གོང་ས་མཆོག་ཨི་ཊ་ལིའི་གྲོང་ཁྱེར་ Catalina ར་ཞབས་སོར་འཁོད་སྐབས་གྲོང་ཁྱེར་དེའི་སྤྱི་ཁྱབ་པ་ Enzo Bianco དང་ Messina འི་གྲོང་ཁྱེར་སྤྱི་ཁྱབ་པ་ Renato Accorintiབཅས་ཕེབས་ནས་ཕེབས་བསུ་ཞུ་བཞིན་པ། ༧དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཨི་ཊ་ལིའི་མངའ་སྡེ་སི་སི་ལིའི་གྲོང་ཁྱེར་ ཏཱའོར་མི་ནའི་མནའ་བོའི་ Grecee དང་ Roman གྱི་གཟི་བརྗིད་དང་ལོ་རྒྱུས་རང་བཞིན་ལྡན་པའི་འཁྲབ་སྟོན་ཁང་དེའི་ནང་མང་ཚོགས་ལ་ཞི་བདེ་ནི་མི་རིགས་འདྲ་མིན་དབར་གྱི་མཐུན་ལམ་ཞེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་ཡོད་པ་རེད།
ཁ་སང་ཕྱི་ཚེས་ ༡༥ ཉིན་འཇར་མན་གྱི་གྲོང་ཁྱེར་ Frankfurt ནས་ ཨི་ཊ་ལིའི་གྲོང་ཁྱེར་ Catalina ར་ཞབས་སོར་འཁོད་སྐབས། གྲོང་ཁྱེར་དེའི་སྤྱི་ཁྱབ་པ་ Enzo Bianco དང་ Messina འི་གྲོང་ཁྱེར་སྤྱི་ཁྱབ་པ་ Renato Accorinti,  Messina གྲོང་ཁྱེར་ལྷན་ཁང་གི་འཛིན་སྐྱོང་དྲུང་ཡིག་ཆེན་མོ་ལྕམ་ Loredana Carrara བཅས་ཕེབས་བསུར་བཅར་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སླར་ཡང་མངའ་སྡེ་འདིའི་ནང་ཆིབས་བསྒྱུར་ཞབས་སོར་འཁོད་པར་ཐུགས་རྗེ་ཆེ་ཞུས་གནང་འདུག
དེ་རིང་ Taormina གྲོང་ཁྱེར་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་དེའི་མི་སེར་གྱི་མཚན་བསྟོད་གཟེངས་རྟགས་ཡང་ཕུལ་འདུག་ཅིང་སང་ཉིན་ཕྱི་ཚེས་ ༡༧ ཉིན་ Messina གྲོང་ཁྱེར་ནང་གི་ལོ་རྒྱུས་རང་བཞིན་ལྡན་པའི་ Vittorio Emanuele ཞེས་པའི་ཚོགས་ཁང་དེའི་ནང་གྲོང་ཁྱེར་ལས་ཁུངས་ཀྱི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ ཞི་བདེ་དང་དྲང་བདེན། འཚེ་མེད་ཞི་བའི་དེད་དཔོན་གྱི་མཚན་བསྟོད་བྱ་དགའ་འབུལ་རྒྱུ་ཡིན་འདུག་ལ། དེ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕན་ཚུན་ལྟོས་གྲུབ་དང་བྱམས་བརྩེའི་སྤྱོད་བཟང་གི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩོལ་རྒྱུའི་མཛད་འཆར་ཡོད་པ་རེད།
ཕྱི་ཚེས་ ༡༨ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སི་སི་ལིའི་གྲོང་ཁྱེར་ Palermo འི་ནང་ཞབས་སོར་འཁོད་གནང་མཛད་རྒྱུ་དང་། གྲོང་ཁྱེར་དེའི་སྤྱི་ཁྱབ་པ་ Leoluca Orlando ས་ཕེབས་བསུ་ཞུ་རྒྱུ་ཡིན་འདུག་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་སྐོར་བཀའ་སློབ་གསུང་བཤད་སྩོལ་རྒྱུ་ཡིན་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ པ་ལེར་མོ་གྲོང་ཁྱེར་ནང་ལོ་ངོ་ཉི་ཤུ་རྩ་གཅིག་རྗེས་ཆིབས་བསྒྱུར་སྐྱོང་གི་ཡོད་ཅིང་། ཕྱི་ལོ་ ༡༩༩༦ ལོར་པ་ལེར་མོ་གྲོང་ཁྱེར་གྱི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་ཡང་ཕུལ་ཡོད་འདུག
ཕྱི་ཚེས་ ༡༩ དང་ ༢༠ ཉིན་ ཨི་ཊ་ལིའི་ Tuscany མངའ་སྡེའི་གྲོང་ཁྱེར་ Florence དང་ Pisa བཅས་སུ་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་གནང་མཛད་རྒྱུ་དང་། དེ་རྗེས་ཡོ་རོབ་ Baltic མཚོ་ཁུལ་གྱི་ཡུལ་གྲུ་ Latvia ནང་ཆིབས་བསྒྱུར་སྐྱོང་རྒྱུའི་མཛད་འཆར་ཡོད་པ་རེད།།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org