༧གོང་ས་མཆོག་ནས་རྒྱ་གར་གྱི་ན་གཞོན་ཁག་ཅིག་ལ་གསུང་ཆོས།
༧གོང་ས་མཆོག་ནས་ལྡི་ལི་རུ་རྒྱ་གར་གྱི་ན་གཞོན་ཤེས་ཡོན་ཅན་ཁག་ཅིག་ལ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་ཀྱི་གསུང་ཆོས་བསྩལ་བ།
-
2017-02-04 -
-
-
Your browser doesn’t support HTML5 audio
༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཆགས་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་མི་ཉམས་གོང་འཕེལ་གཏོང་ཐབས་སུ་དམིགས་མཁན་གྱི་ཚོགས་པ་ ཝིདྷ་ཡ་ལོ་ཀེ་ཞེས་པ་དེས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་ཀྱི་སྒོ་ནས་ཕྱི་ཚེས་ ༣ དང་ ༤ བཅས་ཉིན་གྲངས་གཉིས་རིང་གསུང་ཆོས་སྩལ་གནང་མཛད་ཡོད་ཅིང་། དེ་རིང་ཕྱི་ཚེས་ ༤ འི་གསུང་ཆོས་སྐབས་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འཁོར་དེ་དག་བསྟན་པ་སྤྱི་ཚན་དང་གང་ཟག་སྒོས་ཚན་གཉིས་ལ་དགོངས་པ་ཤ་སྟག་ཡིན་པ་རེད་ཅེས་དང་། དཔེར་་ན་ཕར་ཕྱིན་ཐེག་པ་དང་རྟེན་འབྲེལ་གྱི་མདོ་སོགས་ནི་གཙོ་བོ་སུས་ཀྱང་ཉམས་ལེན་བྱེད་ཆོག་པ་བསྟན་པ་སྤྱི་ཚན་གྱི་དབང་དུ་བྱས་ཏེ་གསུངས་པ་ཞིག་ཡིན་པ་དང་། ཡང་སྔགས་ཀྱི་རྒྱུད་སྡེ་དེ་དག་ནི་གང་ཟང་སྒོས་ཚན་གྱི་དབང་དུ་བྱེད་དེ་གསུངས་པ་ཡིན་པ་བཀའ་གནང་ཡོད་པ་རེད།
འོན་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ནང་ཧ་ལམ་གང་ཟང་སྒོས་ཚན་གཙོ་བོ་བྱེད་པའི་ལུགས་ཤིག་ཡོད་པ་དེར་འཕྲན་བུའི་མ་འགྲིག་པ་ཡིན་པ་བཀའ་གནང་འདུག།
ཁ་སང་ཕྱི་ཚེས་ ༣ ཉིན་གྱི་གསུང་ཆོས་ཉིན་དང་པོའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་འདིར་འཛོམས་པའི་དམིགས་ཡུལ་གཙོ་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འཆད་ཉན་བྱེད་པ་ཙམ་མིན་པར། སངས་རྒྱས་ཀྱི་ཆོས་ལ་འཆད་ཉན་བྱེད་པ་དེ་བརྒྱུད་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་འབྱུང་ཐབས་དང་། ཆེས་ས་སྤྱི་ཚོགས་ཀྱི་ཐོག་ནས་བཤད་ན། དུས་རབས་ཉི་ཤུ་རྩ་གཅིག་པ་འདི་བདེ་སྐྱིད་ལྡན་ལ་ཞི་བའི་དུས་རབས་ཤིག་འབྱུང་ཐུབ་པ་ཡོང་རྒྱུར་ཕན་ཐོགས་འབྱུང་བ་ཞིག་ཆགས་ཐུབ་རྒྱུའི་རེ་བ་བྱེད་དགོས་པ་བཀའ་གནང་ཡོད་པ་རེད།
ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཝིདྷ་ཡ་ལོ་ཀེ་ཚོགས་པ་འདིས་རྒྱ་གར་གྱི་མནའ་བོའི་རིག་གཞུང་མི་ཉམས་གོང་འཕེལ་གཏོང་ཐབས་ལ་འབད་བརྩོད་བྱེད་བཞིན་པར་བསྔགས་བརྗོད་གནང་པ་དང་སྦྲགས། རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་གྲུབ་ཉམས་ལེན་གྱི་ཐོག་ནས་འཛམ་གླིང་ནང་གི་ཆོས་ལུགས་མི་འདྲ་བ་ཡོད་པ་ཧ་ལམ་ཡོངས་རྫོགས་རྒྱ་གར་ནང་འཆམ་མཐུན་གྱི་ཐོག་ནས་ལོ་ངོ་སྟོང་ཕྲག་རིང་གནས་ཐུབ་པ་བྱུང་ཡོད་པ་དེ་ནི་དེང་སྐབས་ཀྱི་འཛམ་གླིང་ནང་མིག་དཔེ་འོས་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།