༸གོང་ས་མཆོག་གིས་ས་སྐྱ་བརྟན་འགྱུར་དགོན་པ་དབུ་འབྱེད།

༸གོང་ས་མཆོག་གིས་ཕྱི་ཚེས་དགུ་ཉིན་ཀ་ཛ་ས་གནས་ནང་གསར་བཞེངས་གནང་བའི་ས་སྐྱ་བརྟན་འགྱུར་དགོན་པ་རབ་གནས་དབུ་འབྱེད་གནང་བ།

༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧི་མ་ཅལ་པར་རྡེཤི་མངའ་སྡེ་སི་པི་ཏི་ཁུལ་ཆིབས་བསྒྱུར་བསྐྱངས་ཡོད་པ་ལྟར་ཚེས་དགུ་ཉིན་ཀ་ཛ་ས་གནས་ནང་གསར་བཞེངས་གནང་བའི་ས་སྐྱ་བརྟན་འགྱུར་དགོན་པ་རབ་གནས་དབུ་འབྱེད་གནང་ཡོད་པ་རེད།

དགོན་པའི་དབུ་འབྱེད་མཛད་སྒོའི་ཐོག་ཧི་མ་ཅལ་པར་རྡེཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རེམ་ཀུ་མའར་རྡུ་མལ་དང་ས་གནས་སྤྱི་འཐུས་རཱམ་ལལ་མར་ཀན་རྡ་རྣམ་གཉིས་མཉམ་ཞུགས་གནང་ཡོད་ཅིང་སི་པི་ཏི་ས་གནས་མང་ཚོགས་ཀྱིས་སྐུ་མགྲོན་རྣམ་པར་སོ་སོའི་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་གཟིགས་འབུལ་ཞུས་འདུག

ཁ་ས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་སྐོར་གསུང་ཆོས་བསྩལ་གནང་མཛད་ཡོད་པ་དང་དེ་རིང་ས་སྐྱ་དགོན་པར་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀྲིན་བསྩལ་གནང་མཛད་ཡོད་པ་རེད།

ཀ་ཛ་ས་གནས་སུ་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆིབས་བསྒྱུར་དང་སྟབས་བསྟུན་བོད་ཀྱི་འགྲེམས་སྟོན་ཁང་གིས་ཧི་མ་ལ་ཡའི་ནང་པའི་རིག་གཞུང་མཐུན་ཚོགས་དང་ཟུང་འབྲེལ་གནང་བའི་ཐོག་ས་གནས་དེར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བར་དྲན་གསོ་ཞུ་ཕྱིར་འདྲ་པར་གྱི་འགྲེམས་སྟོན་ཞིག་གནང་འདུག

ཉིན་གསུམ་རིང་གནང་རྒྱུའི་པར་གྱི་འགྲེམས་སྟོན་དེ་བརྒྱུད་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་གནང་རྒྱུ་ཡིན་པའི་ཐོག་ནང་ཆོས་ལ་དད་པ་ཞུ་མཁན་གཅིག་མཚུངས་ཡིན་པའི་བོད་པ་དང་ཧི་མ་ལ་ཡའི་རི་ཁུལ་གྱི་མི་དམངས་དབར་གྱི་རིག་གཞུང་གི་འབྲེལ་བ་གོང་འཕེལ་གཏོང་ཐབས་གནང་རྒྱུ་དང་བོད་དོན་སྐོར་གོ་རྟོག་མཐོ་རུ་གཏོང་གནང་རྒྱུ་བཅས་ཀྱི་དམིགས་ཡུལ་འཛིན་གནང་ཡོད་པ་རེད།

གོང་ཞུས་བོད་སྐོར་གྱི་པར་གྱི་འགྲེམས་སྟོན་དེ་ཕྱི་ཚེས་བཅུ་བཞི་ཉིན་ནོ་ཀ་དང་ཕྱི་ཚེས་བཅོ་ལྔ་ཉིན་པོའོ།བཅུ་བདུན་དང་བཅོ་བརྒྱད་གཉིས་སུ་རེ་ཀོང་པོ་དང་སངས་ལ།དེ་ནས་ཚེས་ཉི་ཤུ་གཅིག་ཉིན་གྲོང་ཁྱེར་ཤིམ་ལཱ་བཅས་ནང་རིམས་པས་གནང་རྒྱུ་ཡིན་འདུག

བོད་ཀྱི་འགྲེམས་སྟོན་ཁང་གིས་ཟླ་བ་འདིའི་ཚེས་ཤར་ཕྱི་ཚེས་གཉིས་ནས་བདུན་བར་བོད་ནང་ཞི་བདེ་འབྱུང་ཐབས་ཀྱི་ཧི་མ་ལ་ཡའི་ལས་འགུལ་ཚོགས་པས་འབོད་སྐུལ་ཞུས་པ་གཞིར་བཟུང་ལ་དྭགས་ནང་པར་གྱི་འགྲེམས་སྟོན་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org