གསར་འགོད་པ་བརྒྱ་ཕྲག་བརྒལ་བས་༧གོང་ས་མཆོག་དང་མཇལ་འཕྲད།
2014.05.15

ཡིག་ཐོག་གསར་འགྱུར།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཇར་མ་ནིའི་གྲོང་ཁྱེར་Frankfurtནང་མཛད་འཆར་སྐྱོང་བཞིན་པ་ལྟར་། ཕྱི་ཚེས་༡༥ཉིན་གྱི་སྔ་དྲོ་ཇར་མན་ནང་ཡོད་པའི་བོད་ཁང་དང་། Frankfurtགྲོང་ཁྱེར་ཟུང་འབྲེལ་ཐོག་ནས་གོ་བསྒྲིགས་གནང་བའི་མཐོ་རིམ་སློབ་གྲའི་སློབ་ཕྲུག་ཚོ་མཉམ་བཞུགས་ཀྱིས་ཐུན་མོང་གི་འཛམ་གླིང་འདིའི་ནང་ཆོས་ལུགས་ཀྱི་དྲ་ལས་བརྒལ་བའི་བླང་དོར་གྱི་ཉམས་ལེན་ཞེས་པའི་བརྗོད་གཞིའི་བགྲོ་གླེང་ལྷན་ཚོགས་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གནང་ཡོད་པ་དང་། ཉིན་རྒྱབ་ཏུ་ཇར་མ་ནིའི་བོད་ཁང་དང་ Frankfurtགྲོང་ཁྱེར་ Geotheགཙུག་ལག་སློབ་གྲ་བཅས་ཟུང་འབྲེལ་གྱི་གོ་བསྒྲིགས་གནང་བའི་ཐོག་ཇར་མན་ནང་གི་ལྟ་གྲུབ་སྨྲ་བ་གྲགས་ཅན་སྐུ་ཞབས་Rainer forstམཆོག་དང་ལྷན་དུ་ཆོས་ལུགས་ཀྱི་དྲ་ལས་བརྒལ་བའི་བླང་དོར་གྱི་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་གནང་བའི་སྐབས་འཛམ་གླིང་འདིའི་ནང་ཆོས་ལུགས་འདྲ་མིན་སྣ་ཚོགས་ཡོད་པ་ནི་མིའི་ཁམས་དང་མོས་པ་སྣ་ཚོགས་ཡོད་པ་དེ་ལ་བརྟེན་ནས་་བྱུང་བ་ཞིག་ཡིན་པ་བཀའ་གནང་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བྱའི་ཁམས་དང་མོས་པར་དགོངས་ཏེ་དེ་དག་ལ་འཚམས་པའི་ཆོས་འཁོར་མི་འདྲ་བ་ཇི་སྙེད་ཅིག་གསུངས་གནང་ཡོད་པ་བཀའ་སྩལ་ཡོད་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཇར་མ་ནིའི་ནང་གི་མཛད་འཕྲིན་ཁག་གི་རྗེས་བཞུགས་སྒར་དུ་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་ཡོད་པ་དང་། དེའི་རྗེས་ཕྱི་ཟླ་ལྔ་པའི་ཚེས་༣༠ནས་ཕྱི་ཟླ་དྲུག་པའི་ཚེས་༢བར་རྒྱ་གར་གྱི་གྲོང་ཁྱེར་Mumbaiལ་ཆིབས་བསྒྱུར་གྱིས་བཞུགས་བཞག་བཞིའི་རིང་ཎ་ལེནྡྲ་སློབ་གཉེར་བསྟི་གནས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ནང་ཆོས་ངོ་སྤྲོད་ཀྱི་ཆོས་འབྲེལ་སྩལ་རྒྱུའི་མཛད་འཆར་ཡོད་འདུག
གསར་འགོད་པ་འཆི་མེད།