ཇོ་མོ་གླང་མའི་རི་རྩེར་དཔལ་འབར་འཁྱེར་རྒྱུ་དུས་འགྱངས་བྱས་འདུག
རྒྱ་ནག་གཞུང་ལ་ཨོ་ལིམ་ཕིག་གི་དཔལ་འབར་དེ་བཞིན་གངས་རི་ ཇོ་མོ་གླང་མའི་རི་རྩེར་འཁྱེར་རྒྱུ་དུས་འགྱངས་བྱ་དགོས་པ་གྱུར་འདུག
-
2008-04-30 -
-
-
༄༅༎རྒྱ་ནག་གཞུང་གིས་ཨོ་ལིམ་ཕིག་གི་དཔལ་འབར་གངས་རི་ཇོ་མོ་གླང་མའི་རི་རྩེར་འཁྱེར་རྒྱུའི་ལས་དོན་དེ་ རླུང་འཚུབ་ཀྱི་རྐྱེན་པས་ཉུང་མཐར་ཡང་ཉིན་བཞིའི་རྗེས་ཙམ་མ་གཏོགས་ ལས་འཆར་འགོ་བཙུགས་ཐུབ་ཐབས་མེད་སྐོར་ རྒྱ་ནག་གཞུང་གི་གནམ་གཤིས་རྟོག་ཞིབ་ཚན་པས་བརྗོད་ཡོད་པ་རེད་
རྒྱ་ནག་ནང་ཚུགས་རྒྱུའི་ཨོ་ལིམ་ཕིག་གི་རྩེད་འགྲན་གྱི་ཆེད་ རྒྱལ་སྤྱིའི་ནང་བསྐོར་བསྐྱོད་ཀྱི་ཨོ་ལིམ་ཕིག་གི་དཔལ་འབར་དེ་བཞིན་ དེ་རིང་ཧོང་ཀོང་ནང་བསྐོར་བསྐྱོད་ཆེད་འབྱོར་ཡོད་པ་དང་ རྒྱ་ནག་གཞུང་གིས་དེ་མིན་གྱི་དཔལ་འབར་ཞིག་བོད་ཀྱི་རི་བོ་མཐོ་ཤོས་གངས་རི་ཇོ་མོ་གླང་མའི་རི་རྩེར་འཁྱེར་རྒྱུའི་མཛད་འཆར་
རྒྱས་པོ་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་ དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་མི་ཚོས་ངོ་རྒོལ་མི་ཡོང་བའི་ཆེད་བོད་ཀྱི་ས་ཁུལ་ནང་ཆེས་དམ་བསྒྲགས་བྱེད་བཞིན་པ་
ཙམ་དུ་མ་ཟད་ བལ་ཡུལ་ཕྱོགས་ནས་ཀྱང་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་མིས་ངོ་རྒོལ་མི་ཡོང་བ་འགོག་ཐབས་སླད་ བལ་ཡུལ་གཞུང་ལ་གནས་སྐབས་གངས་རི་ཇོ་མོ་གླང་མའི་རི་རྩེར་འཛེགས་རྒྱུའི་ལས་འཆར་ཡོངས་རྫོགས་བཀག་སྡོམ་བྱེད་བཅུག་པ་དང་ རྒྱལ་སྤྱིའི་གསར་འགྱུར་བཀོད་མཁན་ལ་མཚོན་ནའང་ རྒྱ་ནག་གཞུང་གིས་འདེམས་བསྒྲུག་བྱས་པའི་གསར་འགྱུར་ལས་ཁང་ཁག་ཅིག་མ་གཏོགས་གཞན་ཁག་ལ་བཀའ་འཁྲོལ་མ་གནང་བར་
བཀག་བསྡོམས་གནང་ཡོད་པ་རེད་ དེ་ལྟར་གནང་མིན་ལ་མ་ལྟོས་ ད་ཆ་གནམ་གཤིས་དགྲར་ལངས་སྟེ་ གངས་རི་ཇོ་མོ་གླང་མའི་རི་ཁྲོད་དུ་རླུང་འཚུབ་ཆེ་བས་ད་ཆ་རྒྱ་ནག་གཞུང་ལ་ཨོ་ལིམ་ཕིག་གི་དཔལ་འབར་གངས་རི་ཇོ་མོ་གླང་མའི་
རི་རྩེར་འཁྱེར་རྒྱུ་དེ་ ཉུང་མཐར་ཡང་ཉིན་བཞིའི་རིང་དུས་འགྱངས་བྱ་དགོས་པ་གྱུར་ཡོད་སྐོར་བརྗོད་ཀྱི་ཡོད་པ་དང་ འདིས་གངས་རིའི་རི་མཚམས་སུ་ཡོད་པའི་གསར་འགོད་པ་ཚོར་ གནམ་གཤིས་ཀྱི་གྲང་ངར་གྱིས་མི་བཟོད་པར་ ཁག་ཅིག་ལ་དཀའ་ངལ་ཡང་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད་