༸གོང་ས་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་གནང་འཆར།
2012.10.27
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཨེ་ཤ་ཡའི་རྒྱལ་ཁབ་ཆེ་ཤོས་གཉིས་པ་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱང་འཆར་ཡོད་འདུག
དེ་ཡང་ཕྱི་ཟླ་༡༠ ཚེས་༢༩ ནས་༣༡ བར་ཀོ་ར་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་ཆོས་འབྲེལ་བསྩལ་རྗེས། ཕྱི་ཟླ་༡༡ ཚེས་ ༤ནས་༡༣ བར་ཉི་ཧོང་དུ་ཆིབས་བསྒྱུར་གྱིས་མཛད་རིམ་སྐྱོང་རྒྱུ་ཡིན་འདུག
ཐོག་མར་ཉི་ཧོང་གི་ཡོ་ཀོ་ཧ་མ་གྲོང་ཁྱེར་གྱི་ནང་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་དང་། དཀའ་ཚེགས་ལ་བཟང་ཕྱོགས་ཀྱི་གདོང་ལེན་བྱ་ཕྱོགས་ཞེས་པའི་བརྗོད་གཞི་ཐོག་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ། དེ་ནས་སྤྱི་ཟླ་༡༡ ཚེས་༦ དང་༧ ཉིན་ཉེ་ཧོང་གི་རྒྱལ་ས་ཊོཀྱོའི་ནང་། ཉི་ཧོང་གི་ཚན་རིག་པ་གྲགས་ཅན་ཁག་གཅིག་ལྷན་ནང་ཆོས་ཀྱི་ཚན་རིག་དང་ཕྱི་དངོས་པོའི་ཚན་རིག་གི་བརྗོད་གཞིའི་ཐད་བགྲོ་གླེང་གནང་རྒྱུ་དང༌། གྲོང་ཁྱེར་ཨོ་ཀི་ན་ཝའི་ནང་མི་རབས་གསར་པའི་གཞོན་སྐྱེས་ཚོར་དཀའ་ངལ་ལ་ནུས་པ་ལྡན་པའི་གདོང་ལེན་བྱ་ཕྱོགས་ཞེས་པའི་བརྗོད་གཞིའི་སྒོ་ནས་བླང་དོར་གྱི་བཀའ་སློབ་བསྩལ་རྒྱུ་ཡིན་འདུག།
དེ་ནས་ཕྱི་ཚེས་༡༣ ཉིན་རྒྱལ་ས་ཊོཀྱོ་རུ་གཟུགས་དང་སེམས་འཁོད་སྙོམས་འབྱུང་ཐབས་སུ་མནའ་རབས་དང་དེང་དུས་ཀྱི་ཐབས་ལམ་ཞེས་པའི་བརྗོད་གཞིའི་སྒོ་ནས་མཁས་པའི་མི་སྣ་ཁག་དང་བགྲོ་གླེང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།།