རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པ་རྟགས་མ་སིམ་ལ་རུ་ཁག་ལ་ཐོབ་སོང་།

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་བསྡུར་ཐེངས་ཉེར་དྲུག་པའི་རྟགས་མ་ཨང་དང་པོ་དེ་སིམ་ལ་རུ་ཁག་དང་གཉིས་པ་སྦིར་རི་རུ་ཁག་ལ་ཐོབ་སོང་།

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པ་རྟགས་མ་སིམ་ལ་རུ་ཁག་ལ་ཐོབ་སྐབས། ༡༠།༡༢།༢༡ བློ་བཟང་། /RFA

སྤྱི་ལོ་༢༠༢༡་ཟླ་༡༠་ཚེས་༡་ནས་༡༢་བར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྦོལ་འགྲན་བསྡུར་ཐེངས་༢༦་པ་དེ་དོན་གྲུབ་གླིང་བོད་མིའི་གཞིས་སྒར་ནང་དངོས་སུ་ཚུགས་ཤིང་། འགྲན་བསྡུར་རིམ་པ་བྱས་བ་བརྒྱུད་མཐའ་མའི་རྟིང་རྩོད་འགྲན་བསྡུར་ཁྲོད་སིམ་ལ་རུ་ཁག་ལ་ཐེངས་འདིའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྦོལ་འགྲན་བསྡུར་གྱི་བུམ་པའི་རྟགས་མ་དེ་ཐོབ་སོང་།
སིམ་ལ་རུ་ཁག་གི་སྤོལ་ལོ་མང་ཤོས་བླུགས་མཁན་རུ་མི་རིན་ཆེན་བཟང་པོ་ལགས་ཀྱིས། ད་བར་འགྲན་བསྡུར་མང་པོ་ཞིག་གི་ནང་ཞུགས་ཀྱང་མཐའ་མའི་འགྲན་བསྡུར་ནང་ཚུད་མྱོང་མེད་ད་ལན་རྟིང་རྩོད་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་པ་དགའ་པོ་བྱུང་ཞེས་གསུང་གི་འདུག
ཉིན་མཐའ་མའི་རྩེད་རིགས་འགྲན་བསྡུར་མཇུག་བསྡོམས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ནས། རྩེད་རིགས་འགྲན་བསྡུར་ནང་རྒྱལ་ཕམ་གཙོ་བོ་མ་འཛིན་པར་རུ་ཁག་ཕན་ཚུན་བར་ངོ་ཤེས་དང་འབྲེལ་འདྲིས་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། ཕྱི་ནང་གི་འཕྲོད་བསྟེན་ལ་རྩེད་རིགས་འདི་བཞིན་གལ་གནད་ཆེན་པོ་ཞིག་ཆགས་ཡོད་ཅེས་གསུང་སོང་།
ད་རེས་འགྲན་བསྡུར་དེ་བོད་ཀྱི་བརྙན་འཕྲིན་དྲ་ལམ་ནས་ཐད་གཏོང་བྱས་བས་ས་ཕྱོགས་གང་ས་ནས་ལྟ་ཐུབ་པའི་མཐུན་རྐྱེན་བསྐྲུན་ཡོད་པ་དང་། ལྟད་མོ་བ་ཆོས་དབྱིངས་ལགས་ནས། ད་ལན་གྱི་རྩེད་རིགས་འགྲན་བསྡུར་འདི་སྔར་དང་མི་འདྲ་བར་འཛམ་གླིང་ཡོངས་ལ་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་ཆེ་བས་དེ་ལ་སྔོན་འགོག་སོགས་གདོང་ལེན་བྱེད་དགོས་ཀྱི་ཡོད་པར་བརྟེན་དེའི་ཐད་དམིགས་བསལ་གྱི་གྲ་སྒྲིག་བྱས་ཏེ་དཀའ་ངལ་གང་ཡང་འཕྲད་མེད་པ་མ་ཟད། རྩེད་འགྲན་ཆེན་མོ་དེ་བཞིན་ཞི་འཇམ་ངང་མཇུག་སྒྲིལ་ཏེ་རྒྱ་ཆེ་གཟིགས་མོ་བ་རྣམས་ཀྱི་འདོད་བློ་སྐོང་ཐུབ་པ་བྱུང་སོང་ཞེས་གསུང་གི་འདུག
བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་འགན་འཛིན་བསྟན་འཛིན་རིན་ཆེན་ལགས་ནས། ཐེངས་འདིའི་འགྲན་བསྡུར་ཆེན་མོའི་ནང་ཨང་པོ་ཐོབ་མཁན་སིམ་ལ་རུ་ཁག་ལ་བྱ་དགའ་ཧིན་སྒོར་འབུམ་གཅིག་དང་ཁྲི་ལྔ། ཨང་གཉིས་པ་ཐོབ་མཁན་སྦིར་རི་རུ་ཁག་ལ་ཧིན་སྒོར་འབུམ་གཅིག་གི་བྱ་དགའ་ཐོབ་ཡོད་པ་གསུངས་བྱུང་།
ད་རེས་རྩེད་འགྲན་ཆེན་མོའི་ནང་རུ་ཁག་བཅུ་མཉམ་ཞུགས་ཀྱིས་རུ་ཁག་རེས་འགྲན་བསྡུར་བཞི་རེ་བྱས་རྗེས་རྩེ་ཕུད་བརྒྱད་དང་དེ་ལས་རིམ་བཞིན་བཞི་དང་གཉིས་བཅས་བདམས་རྗེས་མཐའ་མའི་རྒྱལ་ཕམ་གྱི་ཤན་འབྱེད་བྱས་ཡོད་སྟབས། ཐེངས་འདིའི་འགྲན་བསྡུར་ནང་ཁྱོན་འགྲན་བསྡུར་ཐེངས་༢༧་བྱས་ནས་རྒྱལ་ཡུམ་ཆེན་མོའི་གསེར་གྱི་རྟགས་མ་བརྩད་ཡོད་པ་རེད།

གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org