རྒྱ་གར་ནང་དཔལ་འབྱོར་ཉམ་རྒུད་མཇུག་སྒྲིལ་ལ་ཉེ་བ།

རྒྱ་གར་གྱི་སྲིད་བློན་མཆོག་གིས་རྒྱ་གར་ནང་དཔལ་འབྱོར་ཉམ་རྒུད་འགྲོ་བའི་དུས་སྐབས་མཇུག་སྒྲིལ་ལ་ཉེ་བར་སླེབས་ཡོད་སྐོར་གསུངས་འདུག

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་རྒྱ་གར་ནང་དཔལ་འབྱོར་ཉམ་རྒུད་འགྲོ་བའི་དུས་སྐབས་མཇུག་སྒྲིལ་ལ་ཉེ་བར་སླེབས་ཡོད་པའི་སྐོར་གསུངས་ཡོད་པ་རེད།

དེ་ཡང་སྲིད་བློན་མཆོག་གིས་ཁོང་གི་དཔལ་འབྱོར་སློབ་སྟོན་པའི་ལྷན་དུ་ལྷན་འཛོམས་གནང་བའི་ཐོག་ལ་བར་ལམ་རྒྱལ་སྤྱིའི་དཔལ་འབྱོར་དཀའ་ཚེགས་ཆེན་པོར་གྱུར་བའི་རྐྱེན་གྱིས་རྒྱ་གར་གྱི་དཔལ་འབྱོར་གྱི་གནས་སྟངས་ཀྱང་དཀའ་ཚེགས་ཅན་གྱི་ལོ་ཟླ་འགྲིམས་ཡོད་པ་དང་ཡིན་ནའང་དཀའ་ཚེགས་ཆེ་བའི་དུས་མཚམས་དེ་མཇུག་སྒྲིལ་བའི་དུས་ལ་སླེབས་ཡོད་པ་དང་དེ་ནི་འདས་པའི་ཟླ་བ་འགའ་ཤས་དེའི་ནང་དུ་དུས་ཚོད་ག་ལེར་ངང་ནས་དཔལ་འབྱོར་སླར་གསོའི་ཕྱོགས་སུ་མདུན་བསྐྱོད་བྱེད་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་རེད།

རེས་གཟའ་ཟླ་བའི་ཉིན་རྒྱ་གར་གཞུང་འབྲེལ་གྱི་ཐོག་ནས་འདི་ལོའི་ཕྱི་ཟླ་དྲུག་པ་ནས་བརྒྱད་པ་བར་ཟླ་བ་གསུམ་ནང་ལ་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་དྲུག་དང་གྲངས་ཆུང་གཅིག་མང་དུ་ཕྱིན་ཡོད་པའི་སྡོམས་རྩིས་བཏོན་པའི་རྗེས་སུ་དེ་རིང་སྲིད་བློན་མཆོག་གིས་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་དཀའ་ཚེགས་ཅན་གྱི་དུས་སྐབས་མཇུག་སྒྲིལ་ལ་ཉེ་བར་སླེབས་པའི་སྐོར་གསུངས་པ་ཞིག་ཡིན་པ་དང་ཡིན་ནའང་ཁོང་གིས་རྒྱ་གར་ནང་ལོ་རེའི་ཆར་ཞོད་ཀྱི་ནམ་དུས་ཀྱི་རྐྱེན་པས་རང་འབྱུང་གི་གནོད་འཚེའི་ཉེན་ཁ་དེ་ཡིས་དཔལ་འབྱོར་འཕེལ་རྒྱས་ཐོག་ལ་འགོག་རྐྱེན་བཟོ་རྒྱུ་ཡིན་ཞིང་ལྷག་པར་དུ་རྒྱ་གར་ནང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱ་ཆ་བཅུ་དྲུག་ནི་རྒྱལ་ནང་གི་ཐོན་སྐྱེད་ལ་རག་ལུས་ཀྱི་ཡོད་པ་མ་ཟད་རྒྱ་གར་གྱི་མི་འབོར་ཐེར་འབུམ་གཅིག་དང་གྲངས་ཆུང་གཉིས་ནས་གསུམ་ཆ་གཉིས་ཀྱི་འཚོ་རྟེན་ནི་སོ་ནམ་ཐོན་སྐྱེད་ལ་བརྟེན་དགོས་ཀྱི་ཡོད་པ་བརྟེན་ཆར་ཞོད་དེ་ཡིས་རྒྱ་གར་གྱི་འགལ་འགངས་ཆེ་བའི་གྲོང་གསེབ་ས་ཁུལ་གྱི་སོ་ནམ་ཐོན་སྐྱེད་ལ་གནོད་འཚེ་བཟོ་བའི་ཉེན་ཁ་གཟིགས་ཀྱི་ཡོད་པའི་སྐོར་གསུངས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org