རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས།

རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་ནང་བཙན་བྱོལ་བོད་མིའི་སློབ་ཕྲུག་བུ་ལས་བུ་མོ་ཕྲན་བུ་ལེགས་པ་བྱུང་ཡོད་པ་རེད།

༄༅༎རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་དེ་བཞིན་ཟླ་བ་འདིའི་ཚེས་ཉི་ཤུ་དྲུག་དང་ཉི་ཤུ་དགུ་སོ་སོར་རྒྱལ་ཡོངས་ཡིག་རྒྱུགས་ལྷན་ཁང་གིས་གསལ་བསྒྲགས་གནང་བ་རེད།

ཕྱི་ལོ་ཉིས་སྟོང་དགུ་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་གྲངས་ཉི་ཤུ་རྩ་བདུན་གྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་༡༦༧༢འཛུལ་ཞུགས་བྱས་ཡོད་པ་དང་སློབ་ཕྲུག་དེ་ཚོའི་ཁོངས་ནས་སློབ་ཕྲུག་གྲངས་༡༤༥༣ཡིག་རྒྱུགས་འཕྲོད་ཡོད་པ་རེད། སློབ་ཕྲུག་བུ་སྤྱི་ཡོངས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ནི་བརྒྱ་ཆ་༨༥དང་གྲངས་ཆུང་༧༥ཡིན་པ་ལས་སློབ་ཕྲུག་བུ་མོ་སྤྱི་ཡོངས་ཀྱི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་༨༧དང་གྲངས་ཆུང་༤༦ཡིན་པར་བརྟེན་སློབ་ཕྲུག་ཕོ་མོ་བསྡུར་བ་ཡིན་ན་སློབ་ཕྲུག་བུ་ལས་བུ་མོ་ཕྲན་བུ་ལེགས་པ་བྱུང་ཡོད་པ་རེད། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཁོངས་ནས་རྦེ་ལ་ཀོ་པིའི་བདེ་སྐྱིད་སླར་གསོའི་ཉི་མོའི་སློབ་གྲྭ་དང་ས་ལ་ཁུལ་བོད་ཁྱིམ་སློབ་གྲྭ།མོན་རྒོ་ཌ་གཏན་སློབ།ཨོ་རི་ས་ཉིན་སློབ་བཅས་ཀྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་ཚང་མ་ཡིག་རྒྱུགས་འཕྲོད་ཡོད་པ་རེད། ཅོན་ཏ་རར་རྟེན་གཞི་བྱས་པའི་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་པའི་སློབ་ཕྲུག་ཚོས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་ད་ལོ་ཐོག་མར་ཞུགས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org