ཉི་ཧོང་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
རྒྱ་ནག་གིས་ཉི་ཧོང་དང་ཉེ་བའི་རྩོད་གཞི་ཅན་གྱི་མཚོ་གླིང་ཐོག་བདག་ཐོབ་ཡོད་ཁུལ་བྱེད་ཀྱི་ཡོད་པར་དེ་རིང་ཉི་ཧོང་ནང་ངོ་རྒོལ་བྱས་འདུག
-
2010-10-23 -
-
-
༄༅༎རྒྱ་ནག་གིས་ཉི་ཧོང་དང་ཉེ་བའི་རྩོད་གཞི་ཅན་གྱི་མཚོ་གླིང་ཐོག་བདག་ཐོབ་ཡོད་ཁུལ་བྱེད་ཀྱི་ཡོད་པར་དེ་རིང་ཉི་ཧོང་གི་ནུབ་ཕྱོགས་གྲོང་ཁྱེར་ཀྲ་ཀ་མ་ཚུ་ནང་མི་གྲངས་༣༠༠ཙམ་གྱིས་ཉི་ཧོང་གི་རྒྱལ་དར་འཕྱར་ནས་རྒྱ་ནག་ལ་ངོ་རྒོལ་བྱས་འདུག།
ངོ་རྒོལ་བྱེད་མཁན་གྱི་ཁྲོད་ནས་བུད་མེད་ཧི་ས་ནོ་ཕུ་ཇི་ས་ལྦས་ ང་ཚོ་མི་དམངས་ཀྱི་སྐད་འབོད་མ་རྒྱབ་ཀ་མེད་རེད། རྒྱ་ནག་གིས་ཉི་ཧོང་གི་ས་ཁོངས་ནང་བཙན་འཛུལ་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་པ་དེར་ང་ཚོ་འཇིགས་སྣང་བསྐྱེད་ཀྱི་འདུག་ཅེས་ཕ་རེན་སི་གསར་ལས་ཁང་ལ་ཁ་པར་ཐོག་ནས་འགྲེལ་བརྗོད་བྱས་བཞག།
གྲོང་ཁྱེར་ཀྲ་ཀ་མ་ཚུའི་བསྲང་ལམ་ཁག་དུ་རྒྱ་ནག་ལ་ངོ་རྒོལ་གྱི་རྔམ་སྟོན་འཁྲོམ་སྐོར་བྱེད་མཁན་ཚོའི་ལག་ཏུ་ཉི་ཧོང་གི་སྲིད་བློན་ན་ཨོ་ཏོ་ཀན་གྱིས་ཕྱི་འབྲེལ་སྲིད་བྱུས་ལ་སྐྱོན་བརྗོད་འབོད་ཚིག་དང་རྒྱ་ནག་གིས་ཤར་རྒྱ་མཚོའི་ནང་ཡོད་པའི་སེན་ཀ་ཀུ་གླིང་ཕྲན་ཐོག་ཉི་ཧོང་གི་བདག་དབང་ཡོད་ཅེས་འབོད་ཚིག་འཁོད་པའི་ལག་སྦྱང་མཁྱེར་ཡོད་པ་རེད།
གྲོང་ཁྱེར་ཀྲ་ཀ་མ་ཚུ་བྱང་ཕྱོགས་ཀྱི་ཉེན་རྟོག་མཚན་པའི་མགྲིན་ཚབ་པ་ཞིག་གིས་ངོ་རྒོལ་བྱེད་མཁན་མི་མང་གི་གྲངས་འབོར་ཁ་གསལ་བརྗོད་མེད་ནའང༌། ངོ་རྒོལ་སྐབས་འཛིན་བཟུང་བྱས་པའི་གནས་ཚུལ་རིགས་བྱུང་མེད་ལུགས་འགྲེལ་བརྗོད་བྱས་བཞག།
ཉེ་ལམ་གཟའ་འཁོར་དྲུག་ཙམ་གྱི་གོང་ཉི་ཧོང་གིས་ཤར་རྒྱ་ནག་གི་རྒྱ་མཚོའི་ནང་ཡོད་པའི་རྩོད་གཞི་ཅན་གྱི་གློང་ཕྲན་གྱི་ཉེ་ཁྲིད་ནས་རྒྱ་མིའི་ཉ་པ་ཞིག་འཛིན་བཟུང་བྱས་ནས་རྗེས་སུ་གློད་ཡོད་ནའང༌། གནད་དོན་དེས་རྐྱེན་པས་གླིང་ཆེན་ཨེ་ཤི་ཡའི་ནང་དཔལ་འབྱོར་གྱི་ནུས་ཤུགས་ཆེ་བའི་རྒྱལ་ཁབ་གཉིས་དབར་འཁོན་རྩོད་ཆེ་རུ་ཕྱིན་ཡོད་པ་རེད།
ཉི་ཧོང་གི་སྲིད་བློན་ན་ཨོ་ཏོ་ཀན་མཆོག་གིས་ཟླ་བ་འདིའི་ཚེས་ཤར་ནང་སྦར་སེལ་སི་དུ་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་དང་མཇལ་འཕྲད་གནང་ཡོད་པ་དང༌། ཉི་ཧོང་གཞུང་གི་དཔོན་རིགས་ཚོས་གསུངས་ན། ཟླ་བ་འདིའི་ཟླ་མཇུག་ཙམ་ལ་རྒྱལ་ཁབ་གཉིས་དབར་ལྷན་ཚོགས་ཤིག་གནང་ཐུབ་པའི་ཐབས་ཤེས་ཕྱོགས་གཉིས་ཀ་ནས་གནང་བཞིན་ཡོད་པ་རེད།