ཆབ་སྲིད་བཙོན་པར་གདུག་རྩུབ་བྱེད་བཞིན་འདུག་ཟེར།
རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོར་ཧ་ཅང་གདུག་རྩུབ་ཆེན་པོ་བྱེད་བཞིན་པ་གསལ་བསྒྲགས་བྱས་འདུག
-
2017-02-06 -
-
-
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོར་ཧ་ཅང་གདུག་རྩུབ་ཆེན་པོ་བྱེད་བཞིན་པ་གསལ་བསྒྲགས་བྱས་འདུག
དེ་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་རྟེན་གཞི་བྱེད་པའི་བོད་རང་བཙན་ལས་འགུལ་ཚོགས་པས། འདི་ཚེས་༦་རེས་གཟའ་ཟླ་བའི་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། སྲོག་གི་ཉེན་ཁ་ལས་སླར་ཡང་གསོན་པ་ཞེས་བོད་ནང་གི་ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་ལགས་སམ་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ལགས་ཞུ་བ་ཁོང་རྒྱ་ནག་གཞུང་གི་བཙོན་ཁང་ནས་གློད་བཀྲོལ་བཏང་སྟེ་ཟླ་བ་གཅིག་ཏག་ཏག་འཁོར་བའི་མཚམས་སུ་བྲིས་གནང་སྟེ་བོད་ནས་ཕྱིར་ཕྱོགས་སུ་བསྐུར་གནང་བའི་ཡི་གེ་དེ་བོད་རང་བཙན་ལས་འགུལ་ཚོགས་པར་འབྱོར་ཡོད་པ་དང་། ཡི་གེ་དེའི་ནང་འདས་ཟིན་པའི་ལོ་ཟླའི་ནང་ཁོང་གི་ལུས་སེམས་གཉིས་ཀའི་ཐོག་རྒྱ་ནག་གཞུང་གིས་ཞི་དྲག་གང་ཅིའི་ཐོག་ནས་སྡུག་སྦྱོང་བཏང་བའི་དངོས་མྱོང་གཞི་ལ་བཞག་སྟེ་སེམས་ཚོར་ཆེན་པོས་ཁོང་ཚོའི་སྐྱུགས་བྲོ་བའི་ལས་ངན་དང་། དེ་ཚོས་གདུག་རྩུབ་གང་འདྲ་བཏང་ཡང་བློ་མི་འགྱུར་བ་ཁོང་དང་། ཁོང་འདྲ་བའི་བོད་མི་ཚོའི་སྙིང་སྟོབས་དང་ཆོད་སེམས། རིགས་ཞེན་དང་ལ་རྒྱ་སོགས་གསལ་པོར་བཀོད་ཡོད་ལུགས་གསལ་སྟོན་གནང་ཡོད་པ་རེད།
ཡང་ཡི་གེ་དེའི་ནང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཚད་མེད་བཏང་ནས་བོད་མིའི་རེ་བ་དང་། གསོན་ཤུགས་སོགས་ཉམས་དུ་བཅུག་གི་ཡོད་པ་དང་། ཁོང་ཚོས་ང་ཚོ་ཕམ་ཉེས་གཏོང་བྱེད་ཀྱི་ཐབས་ལམ་ལའང་འཇིགས་སྣང་དང་བསླུ་བྲིད། རྫུན་གཏམ་དང་གཡོ་ཇུས། མདོར་ན་བཙན་པོའི་ཁྲོ་གཉེར། གཡོ་སྒྱུའི་བཅོས་འཛུམ་སོགས་ཀྱི་ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ནས་རྒྱ་ཆེའི་མང་ཚོགས་ལ་མགོ་བསྐོར་གཏོང་བ་དང་། ང་ཚོར་ནག་ཉེས་ཀྱི་ཞྭ་མོ་གང་ཆེ་གང་ལྕི་བཟོས་ཏེ་ཁྲིམས་ལ་སྦྱར་ནས་མ་བྱས་པ་མང་པོ་ཞིག་ཁས་ལེན་དགོས་པའི་བཙན་སྐུལ་བཏང་སྟེ་ཤི་མིན་རོ་མིན་བཟོས་པ་སོགས་བཀོད་གནང་ཡོད་པ་རེད། གང་ལྟར་ད་རེས་འཇིགས་མེད་མགོ་རིལ་ལགས་ཀྱིས་བོད་ནས་བསྐུར་གནང་བའི་ཡི་གེ་དེའི་བརྒྱུད་རིམ་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཚད་ལས་འདས་པའི་གདུག་རྩུབ་གཏོང་བཞིན་ཡོད་པའི་གནས་ཚུལ་གསལ་པོ་ར་སྤྲོད་བྱུང་ཡོད་ལུགས་སོགས་གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།