བོད་མི་ན་གཞོན་ལ་གློག་བརྙན་བཟོ་སྒྲིག་གི་སྦྱོང་བརྡར།

བཞུགས་སྒར་དུ་བོད་རིགས་ན་གཞོན་ཁག་ཅིག་ལ་སློབ་ཡོན་སྤྲོད་མི་དགོས་པའི་ཐོག་ནས་ཟླ་བ་གཅིག་རིང་གློག་བརྙན་བཟོ་སྒྲིག་ཀྱི་འཛིན་གྲྭ།

༄༅༎བཙན་བྱོལ་བོད་མི་སྒྲིག་འཛུགས་ཀྱི་དྲ་རྒྱ་Tibet.netདང་ཕ་ཡུལ་དྲ་གནས་གི་རྩོམ་སྒྲིག་པ་ཟུར་པ་སྐལ་བཟང་རིན་ཆེན་ལགས་ཀྱིས་དེང་སྐབས་བཞུགས་སྒར་དུ་བོད་རིགས་ན་གཞོན་ཁག་ཅིག་ལ་སློབ་ཡོན་སྤྲོད་མི་དགོས་པའི་ཐོག་ནས་ཟླ་བ་གཅིག་རིང་གློག་བརྙན་བཟོ་སྒྲིག་གི་འཛིན་གྲྭ་ཞིག་གོ་སྒྲིག་གནང་འདུག།

ཨ་རིའི་ནང་གློག་བརྙན་བཟོ་སྒྲིག་གི་ཆེད་ལས་སློབ་སྦྱོང་གནང་མྱོང་མཁན་སྐལ་བཟང་རིན་ཆེན་ལགས་ཀྱིས་གློག་བརྙན་བཟོ་སྒྲིག་གི་ཆེད་ལས་ལ་སྦྱང་བརྩོན་གནང་རྒྱུའི་འདོད་པ་ཁོང་ལ་ཆུང་དུས་ནས་ཡོད་པ་དང༌། ཁོང་ལ་བོད་པའི་སློབ་ཡོན་རོགས་རམ་ལས་འཆར་འོག་ ཨ་རིའི་ནང་ཆེད་ལས་དེ་ལོ་གཉིས་རིང་སྦྱང་གནང་ཡག་གི་གོ་སྐབས་བཟང་པོ་ཐོབ་གནང་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ཁོང་དང་འདྲ་བའི་བོད་པའི་གཞོན་ནུ་མང་པོ་ཞིག་ལ་གློག་བརྙན་བཟོ་སྒྲིག་གི་ཆེད་ལས་སྦྱོང་བརྡར་བྱ་རྒྱུའི་འདོད་པ་ཡོད་ནའང། གོ་སྐབས་མ་ཐོབ་པ་མང་པོ་ཡོད་སྲིད་པ་ཡིན་དུས། གློག་བརྙན་བཟོ་སྒྲིག་ལ་དོ་དབྱིངས་ཡོད་མཁན་བོད་རིགས་གཞོན་སྐྱེས་ཚོར་། རིན་མེད་སློབ་འཁྲིད་གནང་རྒྱུའི་འཆར་གཞི་དེ་བཏིང་གནང་བའི་སྐོར་གསུངས་བཞག།

སྐལ་བཟང་རིན་ཆེན་ལགས་ཀྱིས་རིན་མེད་གློག་བརྙན་བཟོ་སྒྲིག་སློབ་འཁྲིད་ཀྱི་ལས་འཆར་དེར་ ལྡི་ལིའི་ནང་རྟེན་གཞི་གནང་བའི་ ཨ་རིའི་ལྟེ་གནས་ཁང་གིས་མཐུན་འགྱུར་རོགས་རམ་འོག་ སློབ་ཕྲུག་༡༢ཡོད་པའི་ཐེངས་དང་པོའི་འཛིན་གྲྭ་དེ་ཚུགས་སའི་འཛིན་ཁང་དང་སློབ་འཁྲིད་ཡོ་ཆས་སོགས་གོ་སྒྲིག་གནང་ཡོད་པ་རེད།

གོང་ཞུས་ཟླ་བ་ཅིག་གི་ཟབ་འཁྲིད་དེའི་ནང་སློབ་ཞུགས་གནང་མཁན་སློབ་མ་ཐུབ་བསྟན་ལགས་ཀྱིས་ དེའི་གོང་གྲོང་ཁྱེར་ལྡི་ལིའི་ནང་ཟླ་བ་འགའ་ཤས་རིང་སློབ་ཡོན་རྒྱ་གར་སྒོར་མོ་ཁྲི་གསུམ་ཙམ་སྤྲད་ནས་གློག་བརྙན་བཟོ་སྒྲིག་གི་སློབ་ཚན་ཞིག་བླངས་ཡོད་ནའང༌། ད་རེས་ཀྱི་ཟབ་འཁྲིད་དེའི་བརྒྱུད་སློབ་ཡོན་རྩ་བ་ནས་འབུལ་མི་དགོས་པར་ གློག་བརྙན་པར་ལེན་བྱེད་སྟངས་དང་བརྙན་པར་སྒྲིག་བཏང་སོགས་ཀྱི་ཤེས་བྱ་ཆ་ཚང་བ་ཞིག་སྦྱོང་བརྡར་ཐུབ་ཀྱི་ཡོད་པའི་དགའ་ཚོར་ཆེན་པོ་གནང་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org