ཆབ་སྲིད་བཙོན་ཟུར་སྐུ་གྲོངས་བ།

ཆབ་སྲིད་བཙོན་ཟུར་རྒན་ཐུབ་བསྟན་ཚེ་རིང་ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ།

ཆབ་སྲིད་བཙོན་ཟུར་རྒན་ཐུབ་བསྟན་ཚེ་རིང་ལགས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅༎བོད་ཀྱི་ཆབ་སྲིད་བཙོན་ཟུར་ཡིན་པ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་རྒན་ཐུབ་བསྟན་ཚེ་རིང་ལགས་ཡུན་རིང་སྙིང་གི་སྙུང་གཞི་བཞེས་ནས་སྨན་ཁང་དུ་བརྟེན་གཏུགས་རིམ་པར་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་མཐར་ཕྱི་ཟླ་ ༦ ཚེས་ ༢༢ ཉིན་བདེ་ལེགས་སྨན་ཁང་དུ་སྐུ་གྲོངས་ཡོད་པ་རེད།  བོད་མི་མང་སྤྱི་འཐུས་གངས་ལྷ་མོ་ལགས་ཀྱིས་ཕྱི་ཚེས་ ༢༤ ཉིན་བཏང་གནས་ཞིག་ལུང་འདྲེན་གནང་སྟེ།  བོད་མིའི་སྒྲིགས་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་འཁོད་དོན་ལྟར་ན།  རྒན་ཐུབ་བསྟན་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༢༦ ལོར་ལྷ་སའི་བྱང་ཕྱོགས་ནག་ཆུར་སྐུ་འཁྲུངས་ཡོད་པ་དང་།  ཆུང་དུས་ནས་སེར་བྱེས་གྲྭ་ཚང་དུ་ཆོས་སྒོར་ཞུགས་ཏེ་རིམ་པས་དགོན་པའི་ཆོས་མཛད་དང་། གྲྭ་ཚང་གི་ཕྱག་མཛོད། འབྲི་གུང་དང་མལ་གྲོ་གུང་དཀར་གཉིས་སུ་གྲྭ་ཚང་གི་འབྲུ་གཉེར་བཅས་གནང་བཞག  ཕྱི་ལོ་ ༡༩༥༩ ལོར་གྲྭ་ཚང་དུ་སྣ་ཆེན་ཚོགས་འདུ་དང་། འཕན་པོ་ཁུལ་གྱི་འཇབ་དམག་ནང་ཞུགས་པ་སོགས་ལས་འགུལ་སྣ་ཚོགས་སུ་ཞུགས་པར་བརྟེན།  ༡༩༥༩་ལོའི་བོད་ཟླ་བཅུ་པའི་ཟླ་མཇུག་ཏུ་རྒྱ་དམར་གྱིས་ཁོང་འཛིན་བཟུང་བྱས་ཏེ་འཕན་པོ་ལྷུན་འགྲུབ་རྫོང་དུ་ཟླ་བ་གཅིག་ཙམ་བཀག་ཉར་བྱས་བཞག
ཕྱི་ལོ་ ༡༩༦༥ ལོའི་དགུན་ཁར་བཙན་བྱོལ་དུ་ཕེབས་པའི་ལམ་བར་ནས་རྒྱ་དམག་གིས་འཛིན་བཟུང་གྱིས་བཙོན་དུ་ཚུད་འདུག་ལ།  དུས་དེ་ནས་བཟུང་དམ་པ་ཁོང་ལ་རྒྱ་ནག་གཞུང་གིས་སྔ་ཕྱིའི་དོན་རྐྱེན་རྩད་ཞིབ་ཀྱིས་གཞིས་ཀ་རྩེ་བཀར་ཁང་བཙོན་ཁང་དང་། ལྷ་སའི་རྒུ་ཚ་བཙོན་ཁང་ དབྱི་ཀྲ་ཏུས་ཞེས་པའི་ལྷ་སའི་གྲོང་ཁྱེར་བཙོན་ཁང་འམ་རུ་ཁག་དང་པོའི་ནང་ལོ་བདུན་བཙོན་འཇུག་དང་། ངལ་རྩོལ་བསྒྱུར་བཀོད་རྭ་བའི་ནང་ཆབ་སྲིད་ཉེས་མིང་འོག་ལོ་བདུན་གནས་དགོས་བྱུང་བཞག   ཕྱི་ལོ་ ༡༩༨༧ ལོར་ལྷ་སའི་སྟག་རྩེ་རྫོང་ནས་ཡིན་པའི་སྐུ་ཞབས་གཡུ་ལོ་ཟླ་བ་ཚེ་རིང་ལགས་དང་ལྷན་དུ་ཕྱི་རྒྱལ་ལྟ་བསྐོར་བ་ཚོར་བོད་ཀྱི་དངོས་ཡོད་གནས་སྟངས་ར་སྤྲོད་གནང་བར་བརྟེན། རྒྱ་དམར་གཞུང་གིས་ཁོང་ལ་ཁ་བྲལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ བཙོན་ཁང་དུ་ལོ་དྲུག་ཁྲིམས་བཅད་དང་ཆབ་སྲིད་ཀྱི་དབང་ཆ་ལོ་བརྒྱད་འཕྲོག་པ་བཅས་དམ་པ་ཁོང་རྒྱ་དམར་གཞུང་གི་བཙོན་ཁྲིམས་དང་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་སྔ་ཕྱི་བསྡོམས་མི་ལོ་ངོ་ཧྲིལ་པོ་ཉི་ཤུའི་རིང་དཀའ་སྡུག་བསམ་ཡུལ་ལས་འདས་པ་མྱངས་དགོས་བྱུང་ཡོད་འདུག
ཕྱི་ལོ་ ༡༩༩༧ ལོར་སྐྱབས་བཅོལ་དུ་ཕེབས་པ་ནས་བཟུང་ད་བར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མིའི་ནང་ཞུགས་ཡོད་པ་དང་དེ་རིང་ཁོང་དགོངས་པ་རྫོགས་སྐབས་དགུངས་ལོ་༨༧ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org