མ་སུ་རི་གཏན་འཇགས་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ལྔ་བཅུ།
རྒྱ་གར་བྱང་ཕྱོགས་རྡེཧ་ར་རྡུན་ཉེ་འགྲམ་དུ་ཆགས་པའི་མ་སུ་རི་བོད་ཕྲུག་གཏན་འཇགས་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་བ།
-
2010-11-16 -
-
-
༄༅༎རྒྱ་གར་བྱང་ཕྱོགས་རྡེཧ་ར་རྡུན་ཉེ་འགྲམ་དུ་ཆགས་པའི་མ་སུ་རི་བོད་ཕྲུག་གཏན་འཇགས་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་ཧྲིལ་པོར་འཁོར་བའི་དུས་ཆེན་ཞིག་ཁ་སང་ཕྱི་ལོ་༢༠༡༠ཟླ་བ་༡༡ཚེས་༡༥ཉིན་སྲུང་བརྩི་ཞུས་ཡོད་ཅིང་སློབ་གྲྭ་འདི་ནི་བཙན་བྱོལ་བོད་མིའི་སླབ་གྲྭ་དང་པོ་དེ་ཡིན་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཡིག་ཞིག་བསྩལ་གནང་མཛད་ཡོད་པ་དེའི་ནང་ རྒྱ་གར་གཞུང་གིས་ད་བར་བོད་ཕྲུག་ཚོའི་ཤེས་ཡོན་གྱི་ཐད་མཐུན་འགྱུར་བླ་ན་མེད་པར་གནང་པར་བཀྲིན་རྗེས་དྲན་གནང་ཡོད་པ་དང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ རྒྱ་གར་གྱི་སྲིད་བློན་དམ་པ་པན་ཌིནཏ་ནེཧ་རུ་མཆོག་གིས་བོད་ཕྲུག་ཚོའི་ཤེས་ཡོན་གྱི་ཐད་ཐུགས་འཁུར་ཧ་ལས་པའི་ཆེན་པོ་བཞེས་ཡོད་པར་མ་ཟད་ བོད་ཕྲུག་གི་སླབ་གྲྭ་ཟུར་འཛུགས་དགོས་རྒྱུར་དམིགས་བསལ་ཐུགས་འཁུར་བཞེས་ཡོད་པ་བཀའ་གནང་ཡོད་པ་རེད།
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་བཀའ་ཡིག་དེའི་ནང་ང་ཚོ་ཕྱི་ལོ་༡༩༥༩ལོའི་ཕྱི་ཟླ་བཞི་པའི་ནང་རྒྱ་གར་གྱི་ས་ཐོག་སྐྱབས་བཅོལ་དུ་འབྱོར་སྐབས་ སྲིད་བློན་ནེཧ་རུ་མཆོག་གིས་བོད་མིའི་འཐབ་རྩོད་ཀྱི་ནང་ཞབས་འདེགས་ཆེ་ཤོས་དེ་བོད་ཕྲུག་ཚོར་ཤེས་ཡོན་ཚད་ལྡན་ཞིག་སྤྲོད་པའི་ཐོག་ནས་ཡོང་རྒྱུ་ཡིན་པ་བཀའ་སློབ་ནན་ཏན་གནང་པ་ལྟར་ ཁོང་སྐུ་སྒེར་གྱི་ངོས་ནས་བོད་ཕྲུག་ཚོའི་ཆེད་སླབ་གྲྭ་ཟུར་འཛུག་དགོས་རྒྱུར་ཐད་ཀར་རྒྱ་གར་གཞུང་གི་མཐུན་འགྱུར་རོགས་རམ་ཐོབ་རྒྱུར་ཐུགས་འཁུར་ཧ་ལས་པའི་ཆེན་པོ་བཞེས་ཡོད་པ་བཀའ་གནང་ཡོད་པ་རེད།
ཕྱི་ལོ་༡༩༦༠ཐམ་པའི་ལོར་ཐོག་མར་མ་སུ་རི་སླབ་གྲྭ་གསར་བཙུག་སྐབས་སློབ་གྲྭ་དེའི་མིང་ལ་སྐྱབས་བཅོལ་བོད་མིའི་ཤེས་ཡོན་ལྟེ་གནས་ཁང་ཞེས་འབོད་ཀྱི་ཡོད་འདུག་ཅིང་ དེའི་ནང་དགེ་རྒན་དྲུག་དང་སློབ་ཕྲུག་༥༠ཐམ་པ་ལས་མེད་ཅིང་ སྐོུ་ཀུན་བདེ་གླིང་དམ་པ་དེ་དང་ སྐོུ་ཕྲེང་རེང་འཇིགས་མེད་དམ་པ་རྣམ་གཉིས་ནས་སློབ་གྲྭའི་འཛིན་སྐྱོང་གི་ཐུགས་འགན་བཞེས་ཡོད་པ་རེད། འོན་ཀྱང་དེང་སྐབས་མ་སུ་རི་བོད་ཕྲུག་གཏན་འཇགས་སློབ་གྲྭ་དེའི་ནང་སློབ་ཕྲུག་སྟོང་ཕྲག་བརྒལ་བ་ཡོད་ལ་བཙན་བྱོལ་བོད་མིའི་སླབ་གྲྭ་ཆེ་ཤོས་གྲས་ཤིག་ཡིན་པ་རེད།