རྒྱ་ནག་དང་འབར་མའི་ས་མཚམས་སུ་འབར་འགས་བཟོ་གྲྭ་ཡོད་པ།

རྒྱ་ནག་དང་འབར་མའི་ས་མཚམས་ནང་དཀའ་རྙོག་བྱུང་སའི་ས་ཁུལ་དེར་འབར་འགས་བཟོ་གྲྭ་ཡོད་པའ་ཤེས་རྟོགས་བྱུང་བའི་གནས་ཚུལ།

༄༅༎ཉེ་ལམ་རྒྱ་ནག་དང་འབར་མའི་ས་མཚམས་ནང་དཀའ་རྙོག་བྱུང་སའི་ས་ཁུལ་དེར་འབར་འགས་བཟོ་གྲྭ་ཡོད་པའ་ཤེས་རྟོགས་བྱུང་བའི་གནས་ཚུལ་ཐོན་བཞག

རེས་གཟའ་སྤེན་པའི་ཉིན་འབར་མའི་གཞུང་གིས་གཉེར་བའི་མི་ཡན་མར་ཨ་ལིན་ཞེས་པའི་གསར་ཤོག་དེས་ཉེ་ལམ་དཀའ་རྙོག་བྱུང་སའི་ས་ཁུལ་གྱི་ཁང་པ་ཆེ་ཁག་བདུན་ནང་འབར་འགས་བཟོ་རྒྱུའི་འཕྲུལ་ཆ་བརྙེད་སོན་བྱུང་སྐོར་གནས་ཚུལ་བཏོན་ཡོད་པ་རེད།

ཡང་གསར་ཤོག་དེས་ཡུལ་གྱི་སྲུང་སྐྱོབ་དཔོན་རིགས་དང་དྲག་པོའི་དཔུང་དམག་རྣམས་ཀྱིས་ས་ཁུལ་དེར་གོ་མཚོན་དང་ཐ་མག་ཉལ་ཐག་བཟོ་རྒྱུའི་འཕྲུལ་ཆ་ཡང་བརྙེད་སོན་བྱུང་སྐོར་གནས་ཚུལ་བཏོན་ཡོད་པ་རེད། དལྟ་དཀའ་རྙོག་ཡོད་སའི་ཀོ་ཀང་ཞེས་པའི་ས་ཁུལ་དེར་ཉེ་སྔོན་འབར་མའི་གཞུང་ཕྱོགས་ནས་ཀོ་ཀང་མི་རིགས་ཀྱི་དྲག་དམག་དེ་གནོན་རྒྱུའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་ས་ཁུལ་དེ་རྒྱ་མི་རིགས་ཡང་གནས་སྡོད་བྱེད་ཡུལ་ཞིག་ཡིན་པ་རེད། ཉེ་སྔོན་ཀོ་ཀང་མི་རིགས་ཀྱི་དྲག་པོའི་དཔུང་དམག་དང་འབར་མའི་གཞུང་གི་དྲག་པོའི་དཔུང་དམག་བར་ཐབས་འཛིངས་བྱུང་སྐབས་རྒྱ་མི་རིགས་ཡུལ་མི་ཁྲི་གསུམ་སྐོར་ཞིག་འབར་མ་ནས་རྒྱ་ནག་ཏུ་བྲོས་བྱོལ་དུ་འགྲོ་དགོས་བཟོས་ཡོད་པ་རེད། རྒྱ་གཞུང་གིས་རྣམ་ཀུན་དང་མི་འདྲ་བར་འབར་མའི་གཞུང་ལ་རྒྱ་རིགས་དེ་དག་འབར་མའི་ནང་ཞི་འཇམ་ཐོག་ཕྱིར་ལོག་བྱེད་ཐུབ་པ་བཟོ་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད། ཡང་འབར་མའི་གཞུང་ཕྱོགས་ཀྱི་གསར་ཤོག་ཁག་གིས་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་འབར་མའི་གཞུང་དང་མི་རིགས་འདྲ་མིན་བར་འཁོན་འཁྲུགས་བཟོ་ཆེད་གོང་ཞུས་ཀྱི་དཀའ་རྙོག་དེ་ཆེན་པོ་བཟོ་གི་ཡོད་སྐོར་སྐྱོན་བརྗོད་བྱས་ཡོད་པ་རེད། འཆར་ལོའི་ནང་འབར་མའི་ནང་རྒྱལ་ཡོངས་འོས་བསྡུ་གནང་རྒྱུའི་འཆར་གཞི་ཡོད་སྟབས་གཞུང་ཕྱོགས་ནས་ཡུལ་གྱི་མི་རིགས་འདྲ་མིན་གྱི་གྱེན་ལོག་དེ་དག་གནོན་རྒྱུའི་འབད་བརྩོན་ཤུགས་ཆེ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org