ཕྱིར་ཕུད་བྱས་བའི་གསར་འགོད་པས་རྒྱ་ནག་ལ་ཉེན་བརྡ་བཏང་བ།

རྒྱ་ནག་ནང་དུ་ཕྱི་ནང་གསར་འགོད་པ་ཚོར་མུན་ནག་གི་ཉིན་མོ་འགོ་ཚུགས་པ་ཡིན་ལུགས་ཉེན་བརྡ་བཏང་འདུག

ཧྥ་རན་སུའི་གསར་འགོད་པ་Ursula Gauthierལགས། AFP

དེ་ཡང་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་ཧྥ་རན་སི་གསར་འགྱུར་ལས་ཁང་ཞིག་གི་གསར་འགོད་པ་ཞིག་ཕྱིར་འབུད་བཏང་བ་ཁོང་རེས་གཟའ་པ་སངས་ཉིན་རང་ཡུལ་དུ་འབྱོར་བའི་རྗེས། རྒྱ་ནག་ནང་དུ་གསར་འགོད་པ་ཚོར་མུན་ནག་གི་ཉིན་མོ་འགོ་ཚུགས་པ་ཡིན་ལུགས་ཉེན་བརྡ་བཏང་བ་མ་ཟད། ཁོང་གིས་མུ་མཐུད་ནས་རྒྱ་ནག་གི་གནས་ཚུལ་དང་། ཁོང་ཕྱིར་འབུད་བཏང་བའི་གནད་དོན་སྐོར་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
Franceཡི་L’Obsཞེས་པའི་གསར་འགྱུར་དུས་དེབ་ལས་ཁང་གི་གསར་འགོད་པ་Ursula Gauthierཡིས་ད་བར་རྒྱ་ནག་ནང་ནས་གསར་འགྱུར་གཏོང་སྤེལ་བྱས་ནས་ལོ་ངོ་འགའ་ཤས་འགྲོ་གི་ཡོད་ཀྱང་། ཁོང་གིས་རྒྱལ་སྤྱིའི་འཇིགས་སྐུལ་དྲག་སྤྱོད་པའི་དྲག་པོའི་བྱ་སྤྱོད་དང་། རྒྱ་ནག་གི་ཤིན་ཅང་ཟེར་བའི་ནང་གི་ཡུ་གུར་གྲངས་ཉུང་མི་རིགས་ཀྱིས་སྤེལ་བའི་དྲག་པོའི་བྱ་སྤྱོད་གཉིས་ཕན་ཚུན་ཞིབ་བསྡུར་བྱས་པའི་རྩོམ་ཡིག་ཞིག་སྤེལ་ཏེ། ཡུ་གུར་གྲངས་ཉུང་མི་རིགས་ཀྱིས་སྤྱི་ཚོགས་ཐོག་ལ་དྲག་པོའི་རྒོལ་རྡུང་གཏོང་བའི་བྱ་སྤྱོད་དེ་ནི་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་འཛིན་པའི་སྲིད་ཇུས་ལ་ཞེ་འཁོན་གྱི་ཐོག་ནས་བྱུང་བ་ཡིན་ལུགས་ཀྱི་གནས་ཚུལ་བྲིས་པའི་རྗེས། རྒྱ་ནག་གཞུང་གིས་ཁོང་ལ་འཇིགས་སྐུལ་དྲག་སྤྱོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་པ་མ་ཟད། ཁོང་རྒྱ་ནག་ནང་དུ་གསར་འགྱུར་ལས་དོན་སྤེལ་རྒྱུར་མུ་མཐུད་གནས་སྡོད་ཆོག་པའི་མཐོང་མཆན་བཀའ་ཁྲོལ་འཕར་མ་མ་སྤྲད་པར་བརྟེན་ནས། ཁོང་རྒྱ་ནག་ནང་ཁྲིམས་མཐུན་གྱི་གསར་འགོད་པའི་ལས་དོན་བྱེད་ཆོག་པའི་མཐོང་མཆན་དུས་ཡུན་དེ་༢༠༡༥ ཕྱི་ཟླ་བཅུ་གཉིས་པའི་ཚེས་༣༡ ཉིན་རྫོགས་འགྲོ་བའི་ཉིན་མོར་རང་ཡུལ་དུ་ཕྱིན་ལོག་བྱ་དགོས་བཟོས་པ་ལྟར། དེ་རིང་ཚེས་༡རེས་གཟའ་པ་སངས་ཉིན་རང་ཡུལ་Franceལ་འབྱོར་ཡོད་པ་རེད།
ཁོང་Franceལ་ཐོན་ཁར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཁོང་གི་སྡོད་གནས་སུ། གསར་འགོད་པར། རྒྱ་ནག་ནང་དུ་ཡོད་པའི་གསར་འགོད་པ་ཚོར་མ་འོངས་པར་གསར་འགྱུར་གཏོང་སྤེལ་ལ་རང་དབང་མེད་པ་གཟིགས་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་ལ། ཁོང་གི་རྩོམ་ཡིག་ཞིག་གི་ཐོག་ནས་གནས་སྟངས་དེ་འདྲ་བྱུང་བ་བརྟེན་ནས། ཁོང་ལ་འཛིན་པའི་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ཡིས་མ་འོངས་པར་རྒྱ་ནག་ནང་གི་གསར་འགོད་པའི་ཐོག་ལ་ཉེན་ཁ་ཞིག་གཟིགས་ཀྱི་ཡོད་པ་དང་། Franceདང་ཡོ་རོབ་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་གི་བྱ་སྤྱོད་སྤེལ་སྟངས་དེ་ཚོར་ངེས་པར་དུ་དོ་སྣང་བྱ་དགོས་པ་ཡིན་ཞིང་། དེ་ནི་གསར་འགོད་པ་ཞིག་ལ་བྱུང་བའི་གནས་ཚུལ་མིན་ལ་། དེ་ནི་རྒྱ་ནག་ནང་སྨྲ་བརྗོད་རང་དབང་ཁོ་ན་ཡང་མིན་པར་དེ་ནི་རྒྱ་ནག་གཞུང་གི་བྱ་སྤྱོད་དང་ལྷག་པར་དུ་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་ལ་བྱ་སྤྱོད་ཇི་ལྟར་ལག་བསྟར་བྱེད་པའི་ཐོག་ལ་སེམས་འཁུར་དང་དོ་སྣང་བྱེད་དགོས་ངེས་ཡིན་པའི་སྐོར་གསུངས་ཡོད་པ་རེད་།  

གསར་འགོད་པ་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org