བཙན་བྱོལ་བོད་མིའི་བཀའ་སྤྱི་ཐོུང་གི་གསར་འགོད་ལྷན་ཚོགས།

བཙན་བྱོལ་བོད་མིའི་བཀའ་ཤག་དང་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཐོུང་ནས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་འདུག

༄༅༎བོད་ནང་དུ་བོད་མི་ཚོས་རང་ལུས་མེ་བསྲེག་བཏང་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཛ་དྲག་ཏུ་འགྲོ་བཞིན་པ་དེའི་ཐད་བཙན་བྱོལ་བོད་མིའི་བཀའ་ཤག་དང་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཐོུང་ནས་གསར་འགོད་གསལ་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཐོག་གསར་འགོད་པའི་འདྲི་བ་ཁག་ལ་ལན་འདེབས་གནང་ཡོད་པའི་སྐོར་བཙན་བྱོལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་རིང་ཕྱི་ཟླ་བཅུ་པའི་ཚེས་༡༢ ཉིན་བཞུགས་སྒར་དུ་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང༌། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་གཙོ་བཞུགས་ཐོག་ཕྱི་ནང་གསར་འགོད་པ་༤༠ ལྷག་འདུ་འཛོམས་བྱུང་ཡོད་ཅིང༌། དེ་རྗེས་བཀའ་སྤྱི་ཐོུང་གི་གསལ་བསྒྲགས་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྒྲོག་སྦྱང་གནང་ཡོད་པ་རེད།
སྐབས་དེར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ནས། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བཀའ་སྤྱི་ཐོུང་གི་ལས་དོན་འཆར་གཞི་ཁག་ཅིག་ངོ་སྤྲོད་གནང་བའི་ནང༌། ཕྱི་ཟླ་བཅུ་པའི་ཚེས་༡༢ ནས་བོད་མི་དམངས་སྤྱི་འཐུས་ཁག་ཅིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆེད་གཏོང་གནང་སྟེ། དེར་ཡོད་ཕྱི་རྒྱལ་གཞུང་ཚབ་ཁག་དང་རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཁག་མཇལ་འཕྲད་ཞུས་ཏེ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྙན་སེང་ཞུ་རྒྱུ་དང༌། ཕྱི་ཚེས་༡༨ ཉིན་བོད་མི་དམངས་སྤྱི་འཐུས་ཡོངས་རྫོགས་རྒྱལ་ས་ལྡི་ལིར་འདུ་འཛོམས་གནང་སྟེ། ཚོུད་༢༤ རིང་ཟས་བཅད་ངོ་རྒོལ་གནང་རྒྱུ། དེ་བཞིན་ཕྱི་ཚེས་༡༩ ཉིན་འཛམ་གླིང་གི་ཁྱོན་ཡོངས་སུ་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོད་དོ་ཅོག་གིས་དུས་གཅིག་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་དང་ཆབས་ཅིག་མཆོད་འབུལ་སྨོན་ལམ་ཚོགས་རྒྱུའི་ལམ་སྟོན་གོ་སྒྲིག་ཞུས་ཡོད་པ་མ་ཟད། ཕྱི་ཚེས་༡༩ ནས་༢༡ བར་ཉིན་གསུམ་རིང་ལ་རྒྱ་གར་དང་བལ་ཡུལ་གནས་སྡོད་བོད་མི་གསུམ་སྟོང་ལྡི་ལིར་འདུ་འཛོམས་ཀྱིས་མི་དམངས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུ་ཡིན་པ་རེད། དེ་རྗེས་བོད་ནང་གི་གནས་སྟངས་ཇི་བྱུང་ལ་གཞིགས་པའི་ལས་འགུལ་རིམ་པས་གོ་སྒྲིག་ཞུ་རྒྱུའི་འཆར་གཞི་དང༌། བཀའ་ཤག་གི་ཐོག་ནས་ཕྱི་རྒྱལ་དུ་ཡོད་པའི་བོད་མིའི་དོན་གཅོད་ཁག་ཏུ་འབྲེལ་གཏུགས་ཀྱིས་ལས་དོན་སྤེལ་ཕྱོགས་ལམ་སྟོན་གནང་རྒྱུ་མ་ཟད། ཕྱི་ཟླ་བཅུ་པའི་ཚེས་༢༤ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་པའི་དུས་ཆེན་དང་སྟབས་བསྟུན་གྱིས་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དུ་ལས་འགུལ་སྤེལ་རྒྱུ་སོགས་རྒྱལ་སྤྱིའི་ཐོག་གི་གལ་ཆེའི་ལྷན་ཚོགས་གི་གོ་སྐབས་བསྟུན་ནས་ལས་འགུལ་སྤེལ་རྒྱུ་རིམ་པ་བཀོད་སྒྲིག་གནང་ཡོད་པ་རེད། ད་རེས་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་གཉིས་ཐོུང་གིས་ལས་འགུལ་སྤེལ་རྒྱུའི་ལམ་སྟོན་དེ་དག་ནི། ཡུལ་ལུང་སོ་སོའི་ཁྲིམས་དང་མཐུན་པའི་ཐོག་བཟང་སྤྱོད་ལྡན་པའི་སྒོ་ནས་སྤེལ་རྒྱུའི་རེ་སྐུལ་གནང་ཡོད་ལ། ད་རེས་ཕྱི་ཚེས་༡༩ ལྷ་དཀར་ཉིན་མོར་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་གསུམ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཁྱོན་ཡོངས་སུ་དུས་གཅིག་ལ་མཆོད་འབུལ་སྨོན་ལམ་ཚོགས་རྒྱུ་དང༌། བྱེད་ཐུབ་མཁན་ཚོས་ཟས་བཅད་ལས་འགུལ་སྤེལ་རྒྱུའི་འབོད་སྐུལ་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org