རྒྱ་ནག་ནང་ཡེ་ཤུའི་དད་ལྡན་པ་བཞི་འཛིན་བཟུང་བྱས་ཡོད་པ།
2009.02.18
༄༅༎རྒྱ་ནག་དབུས་ཧེ་ནན་ཞིང་ཆེན་ནང་སྒེར་གྱི་ཡེ་ཤུའི་ཨེ་ལྦེན་ཇི་ལི་ཁལ་ཆོས་ཚོགས་ཀྱི་འདུ་འཛོམས་ཤིག་གི་སྐབས་རྒྱ་མིའི་ཉེན་རྟོག་པས་གློ་བུར་བཙན་འཛུལ་གྱིས་ཡེ་ཤུའི་ཆོས་ལ་དད་པ་ཞུ་མཁན་མི་གྲངས་དྲུག་ཅུ་ལྷག་ཙམ་འཛིན་བཟུང་བྱས་ཡོད་པ་དང་དེའི་ནང་ནས་མི་གྲངས་བཞི་འཛིན་བཟུང་བྱས་ནས་ད་ཆ་བདུན་གཅིག་ཙམ་འགྲོ་གི་ཡོད་པའི་སྐོར་ཨ་རིའི་ནང་རྟེན་གཞི་གནང་བའི་ཡེ་ཤུའི་ཆོས་ཚོགས་རྒྱ་ནག་དགེ་རྩ་མཐུན་ཚོགས་ཀྱིས་འགྲེལ་བརྗོད་གནང་འདུག
ཉེ་དུས་ཕྱི་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་རྒྱ་ནག་དབུས་ཧེ་ནན་ཞིང་ཆེན་གྱི་ནེན་ཡང་གྲོང་ཁྱེར་དུ་ཡེ་ཤུའི་དད་ལྡན་པའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཤིག་གནང་ཡུལ་དུ་རྒྱ་མིའི་ཉེན་རྟོག་པ་སུམ་ཅུ་ལྷག་གློ་བུར་མཛུལ་ཞུགས་བྱས་ཡོད་སྐོར་རྒྱ་ནག་དགེ་རྩ་མཐུན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་གནང་བཞག
ཆོས་ཕྱོགས་ཀྱི་འདུ་འཛོམས་དེའི་ཐོག་རྒྱ་ནག་གི་ཞིང་ཆེན་ཁག་བཞི་ནས་དད་ལྡན་པ་མང་པོ་ཞིག་འཛོམས་ཡོད་པ་དང་ཁོང་ཚོར་ཆོས་བཤད་གནང་མཁན་ལྷོ་ཀོ་རི་ཡའི་ཡེ་ཤུའི་མཆོད་དཔོན་གཉིས་ཀྱང་གདན་ཞུ་བྱས་ཡོད་པ་རེད།
ཉེན་རྟོག་པས་ཆོས་ཕྱོགས་ཀྱི་འདུ་འཛོམས་དེའི་ནང་མཉམ་ཞུགས་བྱེད་མཁན་དད་ལྡན་པ་ཚོ་འཛིན་བཟུང་བྱས་ནས་ནེན་ཡང་གྲོང་ཁྱེར་གྱི་མགྲོན་ཁང་དུ་འཁྲིད་ནས་ཁོང་ཚོའི་བཅའ་དངོས་འཕྲོག་ལེན་དང་འབྲེལ་ཉེས་ཆད་བརྒྱབ་ནས་གློད་བཀྲོལ་བཏང་ཡོད་པ་རེད། དེ་བཞིན་ལྷོ་ཀོ་རི་ཡའི་ཡེ་ཤུའི་མཆོད་དཔོན་གཉིས་ལ་ཁྲིམས་འགལ་གྱི་ཆོས་ཕྱོགས་བྱེད་སྒོའི་ནང་མཉམ་ཞུགས་བྱས་པའི་ནག་ཉེས་བཙུགས་ཏེ་ཟླ་བ་འདིའི་ཚེས་བཅུ་བཞི་ཉིན་རྒྱ་ནག་ནས་ཕྱིར་བུད་བྱས་ཡོད་པ་མ་ཟད་ད་ཕན་ལོ་ལྔའི་རིང་རྒྱ་ནག་ནང་བསྐྱར་དུ་ཡོང་མི་ཆོག་པའི་དམ་བསྒྲགས་ཀྱང་བྱས་འདུག
ནེན་ཡང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་དྲིལ་བསྒྲགས་འགན་འཛིན་ལི་ཏེ་ལྦེ་ཡིས་གནད་དོན་དེའི་སྐོར་ཤེས་རྟོག་མེད་ལུགས་ཨེ་པི་གསར་ལས་ཁང་ལ་འགྲེལ་བརྗོད་བྱས་བཞག།