ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་འབར་མའི་ནང་ཕེབས་པ།
ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་ནས་བྷར་མའི་ནང་མང་གཙོའི་བཅོས་བསྒྱུར་མུ་མཐུད་གནས་དགོས་རྒྱུའི་འབོད་སྐུལ་གནང་ཡོད་འདུག
-
2012-04-28 -
-
-
༄༅༎ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་ནས་བྷར་མའི་ནང་མང་གཙོའི་བཅོས་བསྒྱུར་མུ་མཐུད་གནས་དགོས་རྒྱུའི་འབོད་སྐུལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག
ཁ་ས་རེས་གཟའ་པ་སངས་ཉིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་སྐུ་ཚབ་ལྕམ་ཁེཐ་རིན་ ཨེཤ་ཀྲོན་མཆོག་བྷར་མའི་མང་གཙོ་ཚོགས་པའི་འགོ་འཁྲིད་ལྕམ་ཨང་སན་སུ་ཅི་མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། རིམ་པས་ཡུལ་དེའི་སྲིད་འཛིན་དང་དཔོན་རིགས་གཞན་རྣམས་མཇལ་འཕྲད་གནང་འཆར་ཡོད་འདུག ཁ་ས་གསར་འགོད་ལྷན་ཚོགས་ཐོག་ཉེ་ཆར་མང་གཙོའི་ཚོགས་པའི་འཐུས་མི་རྣམས་ནས་གྲོས་ཚོགས་ནང་དམ་བཅའ་མ་ཕུལ་བའི་གནད་དོན་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས། བྷར་མའི་ནང་ལོ་རྒྱུས་གསར་པ་ཞིག་སྒོ་ཕྱེ་ཐུབ་པ་བྱུང་ཡོད་རེད། རིམ་པས་འགྱུར་བ་ཐེབས་པའི་བརྒྱུད་རིམ་ཞིག་ཡོང་གི་རེད། དུས་ཡུན་དེའི་རིང་འགྱུར་བ་གཏོང་དགོས་པ་དང་། སྐབས་རེ་གདོང་ལེན་བྱེད་དགོས་པ་སོགས་ཡོང་གི་རེད། འོན་ཀྱང་མང་གཙོའི་བཅོས་བསྒྱུར་དེ་བསྐྱར་ལོག་མི་འགྲོ་བ་བྱེད་པའི་ཐོག་ནས་བརྒྱུད་རིམ་འགྲོ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་འདུག ཡང་ཁོང་གིས། རེས་གཟའ་ཟླ་བའི་ཉིན་སྲིད་འཛིན་ཐེན་སན་མཆོག་དང་མཇལ་འཕྲད་གནང་རྒྱུའི་སྐོར་གསུངས་དོན། ཁོང་གི་ངོས་ནས་བཅོས་བསྒྱུར་བཏང་གནང་བ་དེར་དགའ་བསུ་ཞུས་གནང་རྒྱུ་མ་ཟད་ད་དུང་དེ་བས་མང་བ་གནང་དགོས་པའི་རྒྱུད་སྐུལ་གནང་གི་ཡིན་ཞེས་འགྲེལ་བརྗོད་གནང་འདུག
བྷར་མའི་ནང་མང་གཙོའི་བཅོས་བསྒྱུར་སྔ་ལོ་ནས་བཏང་རྒྱུ་འགོ་བཙུགས་པ་ནས་བཟུང་ཡུ་རོབ་དང་ཨ་རི་གཉིས་ནས་ཡུལ་དེར་ལོ་མང་རིང་དཔལ་འབྱོར་གྱི་ཉེས་ཆད་བཀལ་བ་དེ་དག་ཕྱིར་འཐེན་བྱེད་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད་ལ་ཡུ་རོབ་སྤྱི་མཐུན་ཚོགས་པའི་ལས་ཁུངས་གསར་པ་ཞིག་རྒྱལ་ས་རྙིང་པ་ཡན་གུན་ནང་འཛུགས་རྒྱུའི་འཆར་གཞི་ཡོད་འདུག།