ཡོ་རོབ་བོད་རིགས་གཞོན་ནུའི་གྲོས་ཚོགས་ཐེངས་དང་པོ།
2010.04.10
༄༅༎ཡོ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་ཐེངས་དང་པོ་འདི་ཚེས་༩ཉིན་སུད་སིའི་གྲོང་ཁྱེར་ཛུ་རིཀ་ནང་འགོ་བཙུགས་ཀྱིས་ཚེས་༡༡བར་བསྐྱང་རྒྱུ་ཡིན་འདུག དེ་ཡང་གྲོས་ཚོགས་གོ་སྒྲིག་གནང་མཁན་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱིས་གསལ་བསྒྲགས་གནང་དོན་ལྟར་བྱས་ན། བོད་པའི་གཞོན་སྐྱེས་རྣམ་པའི་འདུ་འཛོམས་དེ་བཞིན་ཡོ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༤༠ འཁོར་བའི་དུས་སྟོན་སྲུང་བརྩི་དང་འབྲེལ། ཡོ་རོབ་ནང་གནས་སྡོད་བྱེད་མཁན་བོད་པའི་གཞོན་སྐྱེས་རྣམས་ལ་དམངས་གཙོའི་ཐོག་ནས་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཁག་དང༌། བོད་ཀྱི་དཀའ་རྙོག་སེལ་ཆེད་སྲིད་དོན་གྱི་ཐབས་ལམ་གསར་པ་གསལ་སྟོན་སླད་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱ་རྒྱུའི་གོ་སྐབས་སྤྲོད་སླད་དང༌། དེ་བཞིན་བོད་པའི་གཞོན་སྐྱེས་ཚོའི་ནང་བོད་མིའི་འཐབ་རྩོད་ཐོག་ལྟ་ཚུལ་གྱི་ནུས་ཤུགས་གོང་མཐོར་གཏོང་ཐུབ་པའི་དམིགས་ཡུལ་འཛིན་ཏེ་གོ་སྒྲིག་གནང་བ་ཞིག་ཡིན་པའི་འགྲེལ་བརྗོད་གནང་འདུག
གནས་ཚུལ་ནང་མུ་མཐུད་གསལ་བར་བྱས་ན། ཐེངས་འདིའི་ཡོ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་ཐེངས་དང་པོའི་ཐོག་མཉམ་ཞུགས་གནང་མཁན་གྱི་གྲས་སུ་ ཡོ་རོབ་ཀྱི་རྒྱལ་ཁབ་བཅུ་གཅིག་ནས་བོད་པའི་གཞོན་སྐྱེས་བརྒྱ་དང་དྲུག་ཅུ་ཙམ་ཕེབས་ཡོད་པ་དང༌། འདི་ཚེས་༩ཉིན་ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་སྐུ་ཚབ་ལྐལ་བཟང་རྒྱལ་མཚན་ལགས་གདན་འདྲེན་ཞུས་ཡོད་པ་ལྟར། ཁོང་གིས་སྐབས་དེར་གསུང་བཤད་གནང་བའི་ནང༌། གལ་སྲིད་བོད་མིའི་རང་དབང་གི་འཐབ་རྩོད་དེར་བདེན་མཐའ་སེལ་བའི་རེ་བ་ཞིག་མཐོང་གི་འདུག་ན། དམིགས་ཡུལ་དེ་སྒྲུབ་ཐབས་སུ་བོད་པའི་གཞོན་སྐྱེས་ཚོས་འགན་འཁུར་ཆེ་ཙམ་བླངས་དགོས་པ་དང༌། ཡང་བོད་དོན་འཐབ་རྩོད་དེ་ནུས་པ་ཐོན་པ་ཞིག་ཡོང་རྒྱུར། རྒྱལ་སྤྱིའི་ཁྲིམས་ལུགས་དང༌། དམངས་གཙོའི་འགྲོ་སྟངས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་པ་ཤེས་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་གསུངས་འདུག་པ་དང༌། དེ་ནས་དེ་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་འདུ་དེའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་གསུང་བཤད་དང༌། ཚོགས་ཞུགས་པ་རྣམས་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་བཀའ་དྲིན་སྩལ་རྒྱུ་ཡིན་པའི་གནས་ཚུལ་བཀོད་འདུག