ཡོ་རོབ་གྲོས་ཚོཊ་ཀྱིས་བོད་ནང་ཐུཊ་འཚབ་གནང་བ།
2015.12.11
དེ་ཡང་ཁ་ས་ཕྱི་ཚེས་༡༠ཉིན། རྒྱལ་སྤྱིིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བྷེལ་ཇེམ་གྱི་རྒྱལ་ས་Brussels་ལ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད། དེ་རིང་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར། ང་ཚོ་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་འདིར་བློ་འཚབ་གསལ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་གནང་འདུག
གོང་གསལ་ཡོ་རོབ་གྲོས་ཚོགས་ཀྱི་བསྒྲགས་གཏམ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་རྐྱེན་བོད་མི་ཚོར་ནང་ཆོས་ཉམས་ལེན་བྱ་རྒྱུའི་རང་དབང་གི་ཁོར་ཡུག་མེད་པ་དེ་ནི་ཤིན་ཏུ་བློ་འཚབ་ཀྱི་གནས་ཚུལ་ཞིག་དང་། རྒྱ་ནག་གཞུང་ནས་ཉེས་ཅན་ཁྲིམས་ལུགས་བེད་སྤྱོད་ལོག་པ་བཏང་སྟེ་བོད་མི་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམས་ལ་ཁ་བྲལ་རིང་ལུགས་པའི་ཁག་དཀྲི་གཡོག་སྟེ། བོད་ཀྱི་དགོན་སྡེ་ཁག་ནང་། རྒྱལ་གཅེས་ཆོས་གཅེས་ཟེར་བའི་བཙན་ཤེད་ཀྱི་སློབ་གསོའི་ལས་འགུལ་སྤེལ་བ་མ་ཟད། བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་གཞུང་ཕྱོགས་ནས་ཐད་ཀར་དོ་དམ་བཏང་འཛིན་བྱེད་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ལྷག་པར་དུ་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་རྒྱ་ནག་གཞུང་ནས་བོད་མི་ཆབ་སྲིད་བཙོན་པ་ཡོངས་ལ་མི་སྤྱོད་ལས་འགལ་བའི་མནར་གཅོད་གཏོང་བ་དང་། བཙོན་པར་སྨན་བཅོས་ལྟ་སྐྱོང་ཀྱི་མཐུན་རྐྱེན་མི་སྤྲོད་པ་སོགས་བོད་ཀྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱའི་བཙོན་ཁང་ནང་དོགས་གཞིའི་གནས་སྟངས་འོག་སྐུ་གཤེགས་པའི་གནས་ཚུལ་ལུང་འདྲེན་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུའི་ཚབ་ཉེ་ཆར་འཇིགས་སྐུལ་དྲག་སྤྱོད་ལ་གདོང་ལེན་ཁ་གཏད་ཟེར་བའི་ཁྲིམས་གཞིའི་ཟིན་བྲིས་གཏན་འབེབས་བྱས་པ་བརྒྱུད་རྒྱ་ནག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་ཀྱི་ལས་འགུལ་རིགས་ཡོངས་རྗོགས་དྲག་སྤྱོད་ཀྱི་ངོ་བོར་ངོས་འཛིན་བྱ་རྒྱུའི་བཀོད་ཁྱབ་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྱུར་བཞིན་པ་མངོན་གསལ་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གིས་བཏང་བའི་སྡུག་སྦྱོང་མནར་གཅོས་ལ་མ་བཟོད་པར་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་ཆེད་ད་ཕན་བོད་མི་༡༤༣གིས་རང་ལུས་མེར་བསྲེགས་གཏང་ཡོད་པ་བཅས་གསལ་འདོན་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།