བཀྲ་ཤིས་དབང་ཕྱུག་སོཊ་གློད་གྲོལ་དགོས་པ་ཡོ་རོབ་གྲོས་ཚོགས་ནང་གྲོས་ཆོས་བཞག་འདུག
ཡོ་རོབ་གྲོས་ཚོགས་ནས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་བཀྲ་ཤིས་དབང་ཕྱུག་སོཊ་གློད་གྲོལ་དགོས་བའི་གྲོས་ཆོས་བཞག་འདུག
-
2018-01-18 -
-
-
Your browser doesn’t support HTML5 audio
ཡོ་རོབ་གྲོས་ཚོགས་ནས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་དེ་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་རྩོད་ལེན་པ་བཀྲིས་དབང་ཕྱུག་ལགས་དང་། གསེར་རྟ་ཕུར་བུ་དགོན་པའི་གྲྭ་ཆོས་སྐྱིད་ལགས། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་(Wu Gan) (Xie Yang) (Lee Ming-che)་བཅས་འཕྲལ་དུ་གློད་གྲོལ་དགོས་པའི་སྐོར་ཚེས་༡༨ཉིན་གྲོས་ཆོད་བཞག་འདུག
དོན་ཚན་༡༨ཅན་གྱི་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ནང་། ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོའི་རང་དབང་། དེ་བཞིན་ཁྲིམས་ལུགས་དབང་བསྒྱུར་བཅས་ཡོ་རོབ་དང་རྒྱ་ནག་དབར་འབྲེལ་ལམ་གྱི་རྨང་གཞིར་ངོས་འཛིན་པའི་ཐོག་དེ་དག་ལ་བརྩི་བཀུར་ཞུ་དགོས་པ་དང་། རྒྱ་ནག་གི་འགོ་ཁྲིད་(Xi Jinping)་གི་སྲིད་དབང་བཟུང་པ་ནས་བཟུང་། རྒྱ་ནག་ནང་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་ལ་དམ་དྲག་ཇེ་ཆེར་སོང་ཞིང་། ཁྲིམས་ལུགས་དབང་འཛིན་ལ་རྩིས་མེད་རྡོག་རོལ་འགྲོ་བཞིན་ཡོད་པ་གསལ་འདོན་གནང་འདུག
གོང་གསལ་གྲོས་ཆོད་ནང་། བོད་དང་འབྲེལ་བའི་དོན་ཚན་གསལ་འདོན་གནང་པའི་ནང་། བོད་ནང་སྐད་ཡིག་ཐོབ་ཐང་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་བཀྲིས་དབང་ཕྱུགས་ལགས་ཀྱིས་ཨ་རིའི་ནེའུ་ཡོག་དུས་བབ་(New Times)་གསར་ཤོག་གི་བརྙན་འཕྲིན་ལས་རིམ་ནང་། བོད་ཀྱི་སྐད་ཡིག་ཉམས་ཆགས་དང་དེ་དག་སྲུང་སྐྱོབ་དགོས་པའི་བཅར་འདྲི་དངས་ལེན་བྱས་པའི་རྐྱེན་གྱིས་རྒྱ་ནག་གཞུང་ནས་ཁོང་འཛིན་བཟུང་བཙོན་འཇུག་གི་ཁ་བྲལ་ངན་སྐུལ་གྱི་ནག་ཉེས་བཙུགས་པ་དང་། དཔང་རྟགས་ཁ་གསལ་མེད་པའི་ཁྲིམས་བཤེར་བྱས་པའི་གནས་སྟངས་གནས་ལུགས་ལ་ཡོ་རོབ་གྲོས་ཚོགས་ངོས་ནས་བློ་འཚབ་གསལ་འདོན་གནང་པའི་ཐོག་རྒྱ་ནག་གཞུང་ནས་བཀྲིས་དབང་ཕྱུག་འཕྲལ་མར་གློད་གྲོལ་གཏོང་གཏོང་དགོས་པའི་སྐུལ་མ་གནང་འདུག
དེ་བཞིན་ཡང་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་དོན་ཚན་དང་པོ་དང་བདུན་པའི་ནང་ ༢༠༡༥ལོར་ཟི་ཁྲོན་ཞིང་ཆེན་གྱི་གསེར་རྟ་རྫོང་གི་ཕུར་བུ་དགོན་པའི་གྲྭ་ཆོས་སྐྱིད་ལགས་ནས་ བོད་མིའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ལ་དགའ་སྟོན་སྲུང་བརྩི་བྱས་པའི་རྐྱེན་རྒྱ་ནག་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་སྟེ་ད་ལྟ་ཟི་ཁྲོན་ཞིང་ཆེན་གྱི་མིན་ཡཱང་བཙོན་ཁང་ནང་ལོ་བཞིའི་བཙོན་དུས་སུ་གནས་པའི་གནས་ལུགས་དང་ དེ་ནི་རྒྱ་ནག་གཞུང་ནང་གྲངས་ཉུང་མི་རིགས་ཀྱི་བཅའ་ཁྲིམས་ནང་གསལ་བའི་སྨྲ་བརྗོད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་ཡིན་ཞིང་། དེ་དག་ལ་རྒྱ་ནག་གཞུང་ནས་བརྩི་བཀུར་བྱས་པའི་ཐོག་གྲྭ་ཆོས་སྐྱིད་ལགས་འཕྲལ་མར་གློད་གྲོལ་དགོས་པ་མ་ཟད། བཙོན་ཁང་ནང་ཡོད་རིང་ཁོང་ལ་ཁྲིམས་རྩོད་པའི་ཐོབ་ཐང་དང་ནང་མི་སྤུན་ཆེད་དང་ཐུགས་འཕྲད་ཀྱི་ཐོབ་ཐང་སྤྲོད་དགོས་པ་གསུངས་འདུག
མཐའ་དོན་ཡོ་རོབ་གྲོས་ཚོགས་ནས་བོད་རྒྱའི་དཀའ་རྙོག་སེལ་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་བསྐྲུན་ཆེད། རྒྱ་ནག་གཞུང་ནས་བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མཆོག་དང་ཁོང་གི་སྐུ་ཚབ་ལྷན་དུ་ཞི་བའི་གྲོས་མོལ་གནང་དགོས་པའི་སྐུལ་ལྕགས་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།