ཡོ་རོབ་གྲོས་ཚོགས་ཀྱིས་བོད་ཡིག་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད།

ཡོ་རོབ་གྲོས་ཚོགས་ཀྱིས་བོད་ནང་སློབ་ཚན་ཡོངས་རྫོགས་བོད་ཡིག་ཐོག་འཁྲིད་རྒྱུའི་སྲིད་བྱུས་ཞིག་དགོས་རྒྱུར་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད།

༄༅༎ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་གི་སློབ་ཚན་རྒྱ་སྐད་དུ་འཁྲིད་རྒྱུའི་འཆར་གཞིར་སྐྱོན་བརྗོད་ཤུགས་ཆེ་གནང་པ་དང་སྦྲགས་སློབ་ཚན་ཡོངས་རྫོགས་བོད་ཡིག་ཐོག་འཁྲིད་རྒྱུའི་སྲིད་བྱུས་ཞིག་དགོས་རྒྱུར་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་ཅིག་ཀྱང་བཞག་ཡོད་པ་རེད།

ཁ་སང་ཕྱི་ཟླ་༡༡ཚེས་༢༤ཉིན་ཡོ་རོབ་གྲོས་ཚོགས་ཀྱི་སྔོན་འགྲོའི་ཚོགས་དུས་སྐབས་སློབ་ཚན་རྒྱ་སྐད་ནང་འཁྲིད་རྒྱུའི་འཆར་གཞིའི་སྐོར་ཛ་དྲག་གི་བོད་དོན་ཐད་ཀྱི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་དང་ ཚོགས་འདུའི་གྲོས་ཆོད་ཀྱི་འབྲུ་དོན་ནང་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱ་ནག་གཞུང་གི་འགོ་འཁྲིད་ཚོར་བོད་ནང་སྐད་ཡིག་གཉིས་ལྡན་གྱི་ཤེས་ཡོན་ལམ་ལུགས་དང་ སློབ་ཚན་ཡོངས་རྫོགས་བོད་ཡིག་ཐོག་འཁྲིད་རྒྱུའི་སྲིད་བྱུས་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དགོས་རྒྱུའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་ལ་ དེ་བཞིན་འབྲུ་དོན་དེའི་ནང་བོད་མི་ས་ཡ་དྲུག་གིས་སོ་སོའི་རིག་གཞུང་དང་སྐད་ཡིག་ ཆོས་ལུགས་ཉམས་སུ་བླངས་རྒྱུ་དང་ དེ་མིན་གཞི་རྩའི་རང་དབང་ལོངས་སུ་སྤྱོད་རྒྱུར་དོ་དམ་དྲག་གནོན་བྱས་པར་ངོ་རྒོལ་ཡོད་པ་གསུངས་པར་མ་ཟད་ སློབ་ཚན་ཁག་གཙོ་བོ་རྒྱ་སྐད་ནང་འཁྲིད་རྒྱུའི་འཆར་གཞིར་ཡང་ངོ་རྒོལ་ཡོད་པ་གསུངས་ཡོད་པ་རེད།

ད་དུང་ཡོ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་རྟག་ཏུ་ཆོས་ལུགས་ཀྱི་གྲངས་ཉུང་མི་རིགས་ཐོག་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་བསྟུད་མར་ཐོན་བཞིན་ཡོད་སྟབས་ ཕྱི་ལོ་༢༠༠༩ལོར་རྒྱ་ནག་གཞུང་གིས་ཡོ་རོབ་གྲོས་ཚོགས་ནས་ཡུ་རོབ་སྤྱི་མཐུན་གྱི་སྒོར་མོ་ས་ཡ་གཅིག་ཙམ་བོད་ནང་གི་སྤྱི་དམངས་ཀྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ལས་དོན་དང་འབྲེལ་བའི་ཐོག་ནས་ཞུས་ཡོད་པ་དེའི་གྲུབ་འབྲས་ཀྱི་སྙན་ཐོག་ཡོ་རོབ་སྤྱི་མཐུན་འཛིན་སྐྱོང་གི་ངོས་ནས་གྲོས་ཚོགས་སུ་འབུལ་དགོས་པའི་བཀའ་རྒྱ་ཡང་བཏང་ཡོད་པའི་གནས་ཚུལ་ཐོན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org