ལིའུ་ཤའོ་ཕུའུ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགའ་བསུ།
2010.10.08
༄༅༎ཕེ་རན་སི་དང་བྱར་མ་ནི་སོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པ་སོགས་ཀྱིས་རྒྱ་ནག་གི་ཆབ་སྲིད་བཙོན་པ་ལིའུ་ཤའོ་ཕུའུ་ལ་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་དགའ་བསུ་ཞུས་གནང་བ་དང་ཕྱོགས་མཚུངས་ རྒྱ་ནག་གཞུང་གིས་ཁོང་མགྱོགས་མྱུར་གློད་བཀྲོལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་
བྱར་མན་གཞུང་གི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་བའི་ནང་དགུང་གྲངས་༥༤ར་ཕེབས་པ་ལིའུ་ཤའོ་ཕུའུ་དངོས་སུ་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞེས་པར་ཕེབས་རྒྱུར་རྒྱ་ནག་གཞུང་གིས་ཁོང་གློད་བཀྲོལ་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་དང་ ལིའུ་ཤའོ་ཕུའུ་ཡིས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་རང་ཉིད་ཀྱི་མེས་རྒྱལ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལྡན་པ་ཞིག་ཏུ་འགྱུར་ཐུབ་རྒྱུར་འབད་རྩོན་གནང་གི་ཡོད་པ་གསུང་འདུག
དེ་བཞིན་ནོར་ལྦེའི་སྲིད་བློན་མཆོག་ནས་ཀྱང་ད་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་་ལིའུ་ཤའོ་ཕུའུ་ལ་ཐོབ་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་གནང་ཡོད་པ་དང་འབྲེལ་ལིའུ་ཤའོ་ཕུའུ་གིས་སྨྲ་བརྗོད་རང་དབངདང་དམངས་གཙོའི་ལམ་ལུགས་དར་འཕེལ་ཡོང་རྒྱུར་འབད་བརྩོན་གནང་བའི་མཛད་རྗེས་ལ་བརྟེན་ནས་གཟེངས་རྟགས་དེ་ཐོབ་པ་ཞིག་ཡིན་པ་གསུང་ཡོད་པ་རེད་ འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ད་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་རྒྱ་ནག་གི་ཆབ་སྲིད་བཙོན་པ་ལིའུ་ཤའོ་ཕུའུ་ལ་ཐོབ་པ་དེས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དེར་རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཡོང་རྒྱུར་ཕན་ཐོགས་ཡོད་པ་ཚོགས་པ་དེས་སྤེལ་བའི་གསལ་བསྒྲགས་གནང་འཁོད་ཡོད་པ་དང་ ད་དུང་གསལ་བསྒྲགས་དེའི་ནང་རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་ལིའུ་ཤའོ་ཕུའུ་གཙོས་པའི་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་དགོས་པའི་འབོད་སྐུལ་ཡང་ཞུས་འདུག