རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བཀྲ་ཤིས་དབང་ཕྱུག་གླེང་འདུག
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བཀྲ་ཤིས་དབང་ཕྱུག་གློད་གྲོལ་དགོས་བ་གླེང་འདུག
-
2018-06-29 -
-
-
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བཀྲ་ཤིས་དབང་ཕྱུག་གློད་གྲོལ་དགོས་བ་གླེང་འདུག
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་ཇར་མ་ནིའི་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དོན་གཉེར་བ་བཀྲིས་དབང་ཕྱུག་ལགས་གློད་གྲོལ་དགོས་པ་སྐབས་༣༨པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་འབོད་སྐུལ་གནང་འདུག
དེ་ཡང་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་ཚོགས་བཞིན་པའི་སྐབས་༣༨པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་ཇར་མ་ནི་ཡུལ་གྲུས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་བཏོན་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཉེ་ཆར་བཙོན་འཇུག་ལོ་ལྔའི་ཁྲིམས་ཐག་བཅད་པའི་བོད་ཀྱི་སྐད་ཡིག་དོན་གཉེར་བ་བཀྲིས་དབང་ཕྱུག་ལགས་གློད་གྲོལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། ཇར་མན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་(Twitter)དྲ་རྒྱ་བརྒྱུད་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ལྟར་ན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ལྷན་ཚོགས་ཐོག་ཇར་མ་ནི་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་ཉེ་བའི་ཆར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་ཡས་ཀྱི་གནད་དོན་ཚབས་ཆེ་རུ་འགྲོ་བཞིན་པར་ཐུགས་འཚབ་ཡོད་པ་བཏོན་གནང་ཡོད་པ་དང་། དེ་ཚོའི་ནང་སྨྲ་བརྗོད་རང་དབང་དང་། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སོགས་བཏོན་ཡོད་པ་མ་ཟད། ལྷག་པར་དུ་བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲིས་དབང་ཕྱུག་ལགས་རྒྱ་ནག་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནད་དོན་བཏོན་གནང་སྟེ་བཀྲིས་དབང་ཕྱུག་ལགས་ཕྲལ་དུ་གློད་གྲོལ་དགོས་པའི་སྐུལ་མ་ཡང་གནང་ཡོད་པའི་སྐོར་བཀོད་ཡོད་འདུག
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱེད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་འཕྲལ་མར་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་འབྲེལ་རྒྱ་ནག་གི་བཀག་ཉར་ཁང་ནང་ཉེས་རྡུང་མནར་གཅོད་ཀྱི་གནད་དོན་ཡོད་པའི་སྐོར་གྱི་གནས་ཚུལ་མང་པོ་ཞིག་ཐོན་བཞིན་པའི་ཐད་ཞིབ་འཇུག་མཐིལ་ཕྱིན་པ་གནང་དགོས་རྒྱུའི་འབོད་སྐུལ་གནང་ཡོད་འདུག
ཇར་མ་ནིའི་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་ནས་རྒྱ་ནག་ནང་ཡོད་པའི་སློབ་གསོའི་དོ་དམ་ཁང་ཡོངས་རྫོགས་སྒོ་རྒྱབ་དགོས་པ་དང་། བཀྲིས་དབང་ཕྱུག་ལགས་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཡོངས་རྫོགས་གློད་གྲོལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
སྐབས་༣༨པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་བཞིན་ཕྱི་ཟླ་དྲུག་པའི་ཚེས་༡༨ཉིན་དབུ་འཛུགས་ཀྱིས་ཕྱི་ཟླ་བདུན་པའི་ཚེས་༦ཉིན་མཇུག་སྒྲིལ་གྱི་ཡོད་འདུག
གསར་འགོད་པ་འཆི་མེད།