ཡོ་རོབ་སྤྱི་མཐུན་གྱི་ཚོགས་གཙོ་མཆོག་གིས་རྒྱ་ནག་དང་མཉམ་ཚོང་འབྲེལ་བྱེད་ཕྱོགས་ཐད་བསྐྱར་ཞིབ་དགོས་པ་གསུངས་འདུག
ཡོ་རོབ་སྤྱི་མཐུན་གྱི་ཚོགས་གཙོ་མཆོག་གིས་རྒྱ་ནག་དང་མཉམ་ཚོང་འབྲེལ་བྱས་བའི་བརྒྱུད་རིམ་ནང་ཚོང་འབྲེལ་གྱི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པའི་ཚོར་སྣང་ཡོང་གི་འདུག་ཅེས་གསུངས་ཡོད་འདུག
- 2025-02-05
-
-
-
དེ་ཡང་ཡོ་རོབ་སྤྱི་མཐུན་གྱི་ཚོགས་གཙོ་ལྕམ་(Ursula von der Leyen)་ལགས་ཀྱིས་འདི་ཚེས་༤་གཟའ་མིག་དམར་ཉིན། ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོའི་ལྷན་ཚོགས་ཞིག་གི་ཐོག་གཏམ་བཤད་གནང་བའི་སྐབས། སྤྱིར་རྒྱ་ནག་ནི་ང་ཚོའི་ཚོང་འབྲེལ་བྱེད་ཡུལ་གལ་ཆེ་ཞིག་རེད། འོན་ཀྱང་ད་བར་ཚོང་འབྲེལ་བྱས་བའི་བརྒྱུད་རིམ་ནང་རྒྱ་ནག་གི་ཚོང་འབྲེལ་ཆ་སྙོམས་མེད་པ་དང་ཉེན་ཁ་ཞིག་མཐོང་གི་འདུག དེ་འདྲ་ཡིན་དུས་ང་ཚོའི་ངོས་ནས་ཚོང་འབྲེལ་བྱེད་ཕྱོགས་ལ་བསྐྱར་ཞིབ་ཞིག་བྱེད་དགོས་ཀྱི་འདུག་ཅེས་གསུངས་འདུག
ད་དུང་ཁོང་གིས་ལྷན་ཚོགས་ཐོག རྒྱ་ནག་དང་མཉམ་འབྲེལ་བ་བྱས་ནས་ད་ཆ་ལོ་ངོ་ལྔ་བཅུ་འཁོར་གྱི་ཡོད་པ་རེད་ལ། ད་ལྟའི་དུས་ཚོད་འདིར་ཚོང་འབྲེལ་གྱི་འབྲེལ་བ་སྔར་ལས་ལྷག་པའི་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད། ཡིན་ནའང་ངས་ཐེངས་མང་པོ་བཤད་མྱོང་ཡོད་ལ་ད་རེས་ཀྱང་ནན་བརྗོད་བྱེད་རྒྱུར་རྒྱ་ནག་དང་མཉམ་འབྲེལ་བ་བྱེད་པའི་སྐབས་ང་ཚོའི་བདེ་འཇགས་སྲུང་སྐྱོབ་དང་། དཔལ་འབྱོར་འཕེལ་རྒྱས་ག་འདྲ་ཞིག་གཏོང་དགོས་མིན་ཐད་བཏང་འཛིན་ཡག་པོ་ཞིག་ཡོང་ཐབས་བྱེད་དགོས་རྒྱུའི་དུས་ལ་བབས་ཡོད་རེད་ཅེས་གསུངས་འདུག
དེ་དང་ཕྱོགས་མཚུངས་ཁོང་གིས། རྒྱ་ནག་ནི་ང་ཚོའི་ཕྱིར་ཚོང་གི་བརྒྱ་ཆ་དགུ་དང་ནང་འདྲེན་དངོས་ཟོག་བརྒྱ་ཆ་༢༠བྱེད་ཡུལ་གྱི་རྒྱལ་ཁབ་ཞིག་ཡིན་པ་རེད་། འོན་ཀྱང་ཚོང་འབྲེལ་བྱེད་པའི་སྐབས་ཕྱོགས་གཉིས་ཀའི་ཁེ་ཕན་དང་བཏང་སྙོམ་ཞིག་ངེས་པར་དུ་དགོས་ཀྱི་རེད་ཅེས་གསུངས་ཏེ་གང་ལྟར་ཡོ་རོབ་སྤྱི་མཐུན་གྱི་ཚོགས་གཙོ་མཆོག་གིས་རྒྱ་ནག་མཉམ་ཚོང་འབྲེལ་བྱེད་རྒྱུར་ཕྱི་གསལ་ནང་གསལ་དང་། འཁོད་སྙོམས་ཀྱི་འབྲེལ་བ་ཞིག་ངེས་པར་དགོས་རྒྱུ་དང་དེར་གཞིགས་པས་འཆར་གཞི་དང་གྲོས་མོལ་ལྷུག་པོ་དགོས་རྒྱུའི་ནན་བརྗོད་གནང་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།