ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གི་ཨེ་ཤེ་ཡའི་ནང་གི་རྒྱ་བསྐྱེད་རིང་ལུགས་ལ་ཉེན་བརྡ་བཏང་འདུག

ཡོ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམས་ཀྱིས་ཨེ་ཤེ་ཡའི་ནང་གི་ཞེད་སྣང་དངངས་འཚབ་ཀྱི་གནས་སྟངས་ཐད་འགན་འཁུར་ཆེ་ཙམ་བཞེས་འདོད་པ་གསུངས་ནས་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ལ་ཉེན་བརྡ་བཏང་འདུག

ཡོ་རོབ་ལྷན་ཚོགས་ཀྱི་གཙོ་འཛིན་(Charles Michel)དང་ཉི་ཧོང་གི་སྲིད་བློན་(Fumio Kishida) ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་(Ursula von der Leyen)བཅས་ཉི་ཧོང་དུ། ༠༥།༡༢།༢༠༢༢ Reuters

ཡོ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམས་ཀྱིས་ཨེ་ཤེ་ཡའི་ནང་ཞེད་སྣང་དང་དངངས་འཚབ་ཡོད་པའི་གནས་སྟངས་ཁག་མཁྱེན་རྟོགས་ཡོད་པ་དང་། མཐུན་ཚོགས་དེས་དེའི་ནང་འགན་འཁུར་ཆེ་ཙམ་བཞེས་འདོད་ཡོད་པ་དང་དེ་ལྟར་བཞེས་དགོས་ངེས་ཅན་ཡིན་པ་བཤད་པ་དང་མཉམ་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ལ་ཉེན་བརྡ་བཏང་འདུག
དེ་ཡང་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་(Ursula von der Leyen)་མཆོག་དང་། ཡོ་རོབ་ལྷན་ཚོགས་ཀྱི་གཙོ་འཛིན་(Charles Michel)་མཆོག་རྣམ་གཉིས་ཀྱིས་འདི་ཚེས་༡༢གཟའ་ཕུར་བུའི་ཉིན། ཉི་ཧོང་གི་སྲིད་བློན་(Fumio Kishida)་མཆོག་དང་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་ཆེས་མཐོའི་མཇལ་འཕྲད་གནང་བའི་རྗེས་སུ་ཟུང་འབྲེལ་གྱི་གསར་འགོད་ལྷན་ཚོགས་ཤིག་ཐོག གོང་ཞུས་གཏམ་བཤད་དེ་གནང་འདུག་ལ། ཡང་གཏམ་བཤད་དེ་ནི་རྒྱ་ནག་གཞུང་གིས་ཉི་ཧོང་དང་ཡོ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམས་ཀྱི་ཆེས་མཐོའི་ལྷན་ཚོགས་ཐོག་རྒྱ་ནག་གི་སྐོར་སྐད་ཆ་གནོད་འཚེ་ཅན་དང་སྡུག་ཅག་བཤད་མི་འོས་བའི་སྔོན་བརྡ་བཏང་བའི་ཉིན་གཅིག་གི་རྗེས་སུ་གནང་བ་ཞིག་ཡིན་འདུག
ཉི་ཧོང་གི་སྲིད་བློན་མཆོག་དང་ཡོ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམ་པས་ར་ཤེ་ཡས་ཡུཀ་རེན་ནང་དྲག་པོའི་བཙན་འཛུལ་གྱིས་དམག་རྒྱག་བཞིན་པར་མཉམ་འབྲེལ་སྒོ་ནས་གདོང་ལེན་གནང་ཕྱོགས་དང་། ནུས་ཤུགས་སོགས་ཀྱི་ཐད་ཡུཀ་རེན་ལ་རོགས་སྐྱོར་གནང་ཕྱོགས་སྐོར་བཀའ་བསྡུར་གནང་བ་དང་། དགྲ་ཟླར་འཛིན་པའི་བྱ་སྤྱོད་ཁག་འཕྲལ་དུ་མཚམས་འཇོག་དགོས་པ་ཟུང་འབྲེལ་བསྒྲགས་གཏམ་ནང་ནན་སྐུལ་བྱས་འདུག
ད་དུང་ཡོ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམ་གཉིས་ཀྱིས་ཉི་ཧོང་དང་ལོ་འཁོར་རིང་བཀའ་མོལ་རིམ་པ་མང་པོ་གནང་སྐབས། ཡོ་རོབ་མཐུན་ཚོགས་ཀྱིས་ཨེ་ཤེ་ཡའི་མངའ་ཁུལ་ནང་དངངས་འཚབ་ཀྱི་གནས་སྟངས་ཡོད་པ་ཁག་མཁྱེན་རྟོགས་ཡོད་པ་དང་། དེའི་ནང་ཡོ་རོབ་མཐུན་ཚོགས་ཀྱིས་ཐུགས་འགན་ཆེ་ཙམ་བཞེས་འདོད་ཡོད་པ་དང་། དེ་ལྟར་བཞེས་དགོས་ངེས་ཡིན་པ་གསུངས་ཡོད་པ་རེད།
ཡོ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་ལྕམ་(von der Leyen)་མཆོག་གིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དེ་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པ་དང་དུས་མཚུངས། མངའ་ཁུལ་དེ་ནི་ཞེད་སྣང་དང་དངངས་འཚབ་ཆེ་བའི་འཁྲབ་སྟོན་གྱི་སྡིངས་ཆ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། ཤར་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གནས་སྟངས་དང་། བྱང་ཀོ་རི་ཡས་རྒྱུན་དུ་ཉེན་ཁ་བཟོ་བཞིན་ཡོད་པས་ན་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་ནང་ནུས་པ་ལྡན་པའི་འགན་ཆེ་ཙམ་བཞེས་འདོད་ཡོད་སྐོར་ཡང་གསུངས་འདུག་ལ། ད་དུང་ར་ཤེ་ཡས་ཡུཀ་རེན་ནང་དམག་རྒྱག་བཞིན་པ་དེར་རྒྱ་ནག་གཞུང་གིས་རོགས་སྐྱོར་བྱ་མི་འོས་བའི་སྔོན་བརྡ་ཡང་བཏང་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org