ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་དང་མཉམ་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གླེང་སློང་གནང་འདུག

ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་དང་མཉམ་འགྲོ་བ་མིའི་ཐོབ་ཐང་ཐད་གྲོས་མོལ་གནང་སྐབས་བོད་ཀྱི་ཆབ་སྲིད་བཙོན་པ་གློད་བཀྲོལ་དགོས་པ་སོགས་བོད་ཀྱི་གནད་དོན་གླེང་སློང་གནང་ཡོད་འདུག

ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འགོ་ཁྲིད་(Charles Michel)་ལགས། ༠༤།༠༡།༢༠༢༢ AFP

འདི་ཚེས་༢༡ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་༡༧ཉིན་ཡོ་རོབ་སྤྱི་མཐུན་དང་རྒྱ་ནག་གཉིས་བར་འགྲོ་བ་མིའི་ཐོབ་ཐང་ཐོག་གྲོས་མོལ་ཐེངས་༣༨པ་གནང་ཡོད་ཅིང་། སྐབས་དེར་ཡོ་རོབ་སྤྱི་མཐུན་གྱི་ངོས་ནས་རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་རང་དབང་ཐོག་དམ་དྲག་དང་། བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་བ། གང་བྱུང་འཛིན་བཟུང་དང་། ཁྲིམས་སྒྲིག་ལ་བརྩི་སྲུང་མི་བྱེད་པར་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་དང་། དམིགས་བསལ་བོད་དང་ཡུ་གུར་མི་རིགས་ཐོག་དམ་དྲག་བྱེད་ཀྱི་ཡོད་པ་ཐེར་འདོན་གནང་ནས་བོད་ཀྱི་གནད་དོན་གླེང་སློང་གནང་ཡོད་འདུག
ཕྱོགས་གཉིས་བར་གྲོས་མོལ་འགྲུབ་པའི་རྗེས་སུ་གསར་འགོད་གསལ་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་གནད་དོན་མང་དག་ཅིག་བཀོད་ཡོད་པའི་ཁོངས་སུ། རྒྱ་ནག་གཞུང་གིས་མི་གང་བྱུང་འཛིན་བཟུང་དང་། ཁྲིམས་བཤེར་སོགས་ལུགས་དང་མི་མཐུན་པའི་ཐོག་ནས་བཙོན་འཇུག་བྱས་བའི་ཁོངས་སུ་བོད་མི་རྩོམ་པ་པོ་དང་དོན་གཉེར་བ་ཁག་ཅིག་གི་མིང་གཞུང་བཏོན་གནང་འདུག་པ་དེའི་ཁོངས་སུ། དེང་སྐབས་རྒྱ་ནག་གི་བཙོན་འཇུག་འོག་ཡོད་པའི་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། རིན་ཆེན་ཚུལ་ཁྲིམས་ལགས། ཚོང་པ་གྲགས་ཅན་རྡོ་རྗེ་བཀྲིས་ལགས་བཅས་ཀྱི་མིང་བཏོན་འདུག་པ་མ་ཟད། ཆབ་སྲིད་བཙོན་པ་ཚོའི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་པོ་དང་ཛ་དྲག་པོ་ཡོད་པ་ལུང་འདྲེན་གནང་སྟེ་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ལུགས་གསུངས་ཡོད་འདུག
ཡོ་རོབ་སྤྱི་མཐུན་དང་། རྒྱ་ནག་གཉིས་བར་འདས་པའི་ཕྱི་ལོ་༢༠༡༩ལོ་ནས་བཟུང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གྲོས་མོལ་གནང་བ་ད་རེས་ཐོག་མ་དེ་ཆགས་ཀྱི་ཡོད་འདུག་ལ། འཇར་མན་ནིའི་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡོ་རོབ་སྤྱི་མཐུན་གྱིས་ད་རེས་བོད་ཀྱི་གནད་དོན་གླེང་སློང་གནང་པར་དགའ་བསུ་ཞུས་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་བརྩི་མེད་རྡོག་རོལ་དང་བོད་མི་ཚོའི་ཐོག་དྲག་གནོན་བྱེད་སྟངས་ནི་ཧ་ཅང་ཚབས་ཆེན་པོ་དང་བློ་འཚབ་སྐྱེས་གཞི་ཞིག་ཡིན་པས། གྲོས་མོལ་གནང་བ་ཙམ་མ་ཡིན་པར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་དོན་དངོས་སུ་ཡར་རྒྱས་གཏོང་ཐབས་སུ་གནོན་ཤུགས་སྤྲོད་དགོས་པ་རེད་ཅེས་ཞུས་ཡོད་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org