བོད་གནས་འཁྱོག་བཤད་ལ་ལན་འདེབས།

དམིགས་བསལ་སྐུ་ཚབ་ནས་རྒྱ་ནག་གིས་བཀོད་པའི་བོད་ཐོག་གནས་ཚུལ་འཁྱོག་བཤད་དང་རྫུན་གཏམ་ཁོ་ན་ཡིན་པའི་ལན་འདེབས་གནང་བ།

༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་དང་བོད་རྒྱ་འབྲེལ་མོལ་སྐུ་ཚབ་གཅིག་ལྕོག་སྐོུ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། བར་ལམ་རྒྱ་ནག་གཞུང་གི་དཔོན་རིགས་ཀྱིསབཤད་པའི་སྐད་ཆ་དང༌། རྒྱ་ནག་གི་གསར་ཤོག་ཐོག་ཐོན་པའི་བོད་ཐོག་གི་གནས་ཚུལ་བཀོད་སྤེལ་བྱས་པ་རྣམས་འཁྱོག་བཤད་དང་རྫུན་གཏམ་ཁོ་ན་ཡིན་པའི་ལན་འདེབས་གནང་ཡོད་པ་རེད།

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་གསར་འགྱུར་ཐོག་གནས་ཚུལ་བཀོད་པའི་ནང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། རྒྱ་ནག་གཞུང་གི་མགྲིན་ཚབ་པ་དང་འགོ་ཁྲིད་ཚོས་དེ་སྔོན་ནས་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་ཐོག་ལ་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་རྫུན་གཏམ་ཁོ་ན་བཤད་ཡོད་པ་མ་ཟད། རེས་གཟའ་མིག་དམར་ཉིན་རྒྱ་ནག་མི་དམངས་ཉིན་རེའི་གསར་ཤོག་ནང་བཀོད་སྤེལ་བྱས་པའི་གནས་ཚུལ་རྣམས་ཀྱང་འཁྱོག་བཤད་ཁོ་ན་ཡིན་པའི་ར་སྤྲོད་གནང་ཡོད་ཅིང༌། དེ་ནི་ཕྱི་ལོ་༢༠༠༢ ལོར་བོད་རྒྱ་འབྲེལ་མོལ་བསྐྱར་དུ་འགོ་ཚུཌ་་ཐུབ་པ་བྱུང་སྟེ། ༢༠༠༧ དང་༢༠༠༨ལ་སྐུ་ཚབ་ཐུག་འཕྲད་བྱུང་ཡོད་པ་དང༌། དེ་རྗེས་རྒྱ་ནག་གཞུང་གིས་གཏམ་བཤད་ཅིག་གི་ནང་། བོད་པའི་སྐུ་ཚབ་ཚོས་འབྲེལ་མོལ་བྱེད་སྐབས་ཡར་ལངས་ཏེ་ཕྱིར་ཐོན་པ་དེ་ནི་སྐད་ཆ་ཤོད་འདོད་མེད་པའི་རྣམ་འགྱུར་གསལ་པོ་བཏོན་པ་རེད་ཅེས་དངོས་ཡོད་དང་མི་མཐུན་པའི་འཁྱོག་བཤད་མང་པོ་ཞིག་བྱས་ཡོད། ད་དུང་ཕྱི་ལོ་༢༠༡༠ ལོའི་ཕྱི་ཟླ་དང་པའི་ཟླ་མཇུག་ཏུ་ལ་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་དེ་ཐུག་འཕྲད་བྱུང་ཡོད་པ་དང༌། དུས་དེ་ནས་བཟུང་ད་ལྟ་བར་བཀའ་མོལ་གང་ཡང་བྱུང་མེད་པར་བརྟེན། རྒྱལ་སྤྱིའི་གཞུང་མང་པོ་ཞིག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་བཀའ་མོལ་གནང་དགོས་པ་དང༌། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱ་དགོས་པའི་སྐོར་རྒྱ་ནག་གཞུང་ལ་ཕྱོགས་མང་པོ་ནས་མུ་མཐུད་ནས་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པ་དེ། གཡོལ་ཐབས་དང་འགེབས་སྲུང་བྱ་རྒྱུའི་ཆེད་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་འབྲེལ་མོལ་གནང་རྒྱུར་ལྷག་བསམ་མེད་པའི་འཁྱོག་བཤད་སྐད་ཆ་དེ་དག་ཤོད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གི་ཕྱོགས་ནས་དུས་རྟག་ཏུ་བོད་རྒྱ་འབྲེལ་མོལ་གྱི་ཐོག་ལ་འཁྱོག་བཤད་དང་འགྲེལ་བརྗོད་ལོག་པ་ཁོ་ན་བརྒྱབ་དང་རྒྱབ་མུས་ཡིན་པ་མ་ཟད། དུས་ད་ལྟ་ཡིན་ནའང་མུ་མཐུད་འཁྱོག་བཤད་ཁོ་ན་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད་ཅེས་གསུང་ཡོད་པའི་གནས་ཚུལ་བཀོད་བཞག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org