༸གོང་ས་མཆོག་ནས་ཨ་རིའི་སྲིད་འཛིན་སྐུ་ཚབ་དང་མཇལ་འཕྲད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་གྱི་སྐུ་ཚབ་དཔོན་རིགས་དང་མཇལ་འཕྲད་གནང་ཡོད་པ་རེད།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་གྱི་སྐུ་ཚབ་དཔོན་རིགས་དང་མཇལ་འཕྲད་གནང་ཡོད་པ་རེད།

དེ་ཡང་གཟའ་ཟླ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་སྲིད་འཛིན་ཕོ་བྲང་གི་སློབ་སྟོན་པ་ལྦེ་ལེ་རི་ཇེ་རེཏ་དང་ཨ་རིའི་ཕྱི་སྲིད་ལས་ཁང་གི་དམངས་གཙོ་དང་འཛམ་གླིང་ཡོངས་ཀྱི་བདེ་དོན་སྡེ་ཚན་འགན་འཛིན་ཕྱི་སྲིད་དྲུང་གཞོན་ཕྱག་རོགས་མཱ་རི་ཡ་ཨོ་ཊེ་རོ་དང་ལྷན་དུ་དུས་ཡུན་སྐར་མ་དགུ་ཅུ་ཙམ་རིང་མཇལ་མོལ་གནང་ཡོད་པ་དང་༸གོང་ས་མཆོག་གི་མགྲིན་ཚབ་པ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་༸གོང་ས་མཆོག་དང་ཨ་རིའི་སྐུ་ཚབ་དཔོན་རིགས་དབར་བཞུགས་སྒར་རྡ་རམ་ས་ལར་མཇལ་མོལ་གནང་བའི་སྐོར་ཙམ་ལས་ཞིབ་ཕྲའི་ནང་དོན་སྐོར་རིང་མིན་ཕྱིར་བསྒྲགས་གནང་རྒྱུ་གསུང་ནས་གསལ་བཤད་གནང་མེད་པ་རེད། ཨེ་པི་གསར་འགྱུར་ལས་ཁང་གི་གསར་འགོད་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ལས་ཁང་དུ་དེའི་སྐོར་བཀའ་འདྲི་ཞུས་པར་གཞུང་ཚབ་ཁང་གི་མགྲིན་ཚབ་པས་གོང་ཞུས་ཨ་རིའི་དཔོན་རིགས་རྣམས་སྐུ་སྒེར་གྱི་གཟིགས་སྐོར་དུ་ཕེབས་པ་ཞིག་ཡིན་པ་ལས་དེ་མིན་གྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་ལུགས་ལན་འདེབས་གནང་ཡོད་པ་རེད། གཟའ་ཉི་མའི་ཉིན་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུས་པའི་ཨ་རིའི་དཔོན་རིགས་རྣམས་དང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་བར་ལམ་མཇལ་མོལ་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅུ་པའི་ཚེས་བཞི་ནས་བཅུ་བར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཀྱི་ཡོད་པ་དང་དེའི་རིང་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཕུད་དེ་མིན་སློབ་གྲྭ་ཆེན་མོར་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་དང་དེའི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་དབར་མཇལ་མོལ་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org