འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱིས་ལས་འཁུར་དམ་འབུལ་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་སླེབས་ལ་ཉེ་བས་འོས་བསྡུའི་འགན་འཛིན་ལས་འཕར་འདེམས་ཐོན་བྱུང་བ་རྣམ་གཉིས་ཀྱིས་ལས་འཁུར་དམ་འབུལ་གནང་སོང་།

འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱིས་ལས་འཁུར་དམ་འབུལ་གནང་སྐབས། ༢༠༢༠།༨།༣ RFA/Dhasa

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་སླེབས་ལ་ཉེ་བས་འོས་བསྡུའི་འགན་འཛིན་ལས་འཕར་འདེམས་ཐོན་བྱུང་བ་རྣམ་གཉིས་ཀྱིས་ལས་འཁུར་དམ་འབུལ་གནང་སོང་།
འདི་ཟླའི་ཚེས་༣་ཉིན་བོད་མིའི་སྒྲིགས་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་གསར་པའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་ཉེ་ལམ་འདེམས་ཐོན་བྱུང་བའི་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་དང་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་དང་། སྒྲོལ་མ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལགས་དབང་མོ་ལགས་གཉིས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་མདུན་དུ་བཅའ་ཁྲིམས་དགོངས་དོན་ལྟར་ལས་འཁུར་དམ་བཅའ་བཞག་གནང་ཡོད་པ་དང་། འོས་བསྡུའི་འཛིན་ལས་འཕར་སྤྱི་ཟུར་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་སྐབས་འདིར་འོས་བསྡུའི་ལས་རིམ་གནང་དགོས་ཀྱི་ཡོད་ཀྱང་གཙོ་བོ་༧གོང་ས་མཆོག་གི་བཀྲིན་ལ་བརྟེན་ནས་ལས་དོན་ལམ་ལྷོང་ཡོང་བའི་ཡིད་ཆེས་ཡོད་ལ་རང་ཉིད་ཀྱི་ངོས་ནས་ལས་ཀའི་སྐབས་འོས་བསྡུའི་ལས་རིམ་ཐོག་དྲང་པོ་དྲང་བཞག་བྱེད་རྒྱུ་ཡིན་ཅེས་འགྲེལ་བརྗོད་གནང་སོང་།
ཡང་འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་ཀྱིས། རང་ཉིད་ལ་ལས་དོན་འདི་འདྲའི་ཐོག་ཉམས་མྱོང་མེད་ཀྱང་ཕྱག་འབྲེལ་གཉིས་ལ་གྲོས་བསྡུར་སྒོ་ནས་ཞུ་སྒོ་མཐའ་དག་ལྷག་བསམ་རྣམ་དག་གིས་བྱེད་རྒྱུའི་ཆོད་སེམས་ཡོད་པ་བརྗོད་གནང་སོང་།
མཐར་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་སྤེ་ཟུར་དབང་འདུད་ཚེ་རིང་ལགས་ཀྱིས། ལས་བསྡུའི་ལས་རིམ་གྱི་ཞིབ་ཕྲའི་བྱེད་སྒོ་ཁག་རྗེས་སུ་གསལ་བསྒྲགས་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་།
འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་ནི། བོད་མིའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་ནང་བེུད་ཀྱི་འོས་བསྡུའི་ལས་འཕར་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག
བཀའ་ཤག་སྐབས་བཅོ་ལྔ་བའི་སྲིད་སྐྱོང་དང་། སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་ལས་ཡུན་དེ་༢༠༢༡་ལོའི་ཕྱི་ཟླ་༥་པའི་ནང་རྫོགས་ཀྱི་ཡོད་སྟབས། སྐབས་གསར་པའི་འོས་བསྡུ་སླེབས་ལ་ཉེ་བར་སོང་། བཅའ་ཁྲིམས་དོན་ཚན་༩༧་ནང་གསེས་༣་པའི་ནང་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་ཟིན་པ་ནས་འོས་བསྡུའི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་འོས་བསྡུའི་ལས་དོན་ཡོང་རྫོགས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། འགན་འཛིན་ལས་འཕར་གཉིས་བཅས་གསུམ་ཀའི་སྤྱི་མོས་སམ་། མང་མོས་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུ་དང་། འོས་བསྡུའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་བསྡུའི་བཀོད་འདོམས་སྤྱི་ཁྱབ་འགན་འཛིན་གྱིས་བྱ་རྒྱུ་ཞེས་གསལ་ཡོད་ཅིང་། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་ཀྱི་ལས་རྒྱུན་ནི་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་འགོ་ཚུགས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org