མགོ་ལོག་རྨ་སྟོད་ཕྱོགས་སུ་འགུལ་ཚད་རིམ་པ་བདུན་ཚེག་བཞི་ཡོད་པའི་ས་འགུལ་རྒྱབ་འདུག

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་ཕྱོགས་སུ་འགུལ་ཚད་རིམ་པ་བདུན་ཚེག་བཞི་ཡོད་པའི་ས་འགུལ་རྒྱབ་འདུག

མགོ་ལོག་རྨ་སྟོད་ཕྱོགས་ཀྱི་ས་ཁྲ་དང་ས་ཡོམ་རྒྱག་ཡུལ། སྒྲིག་བཟོ།/RFA

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་ཕྱོགས་སུ་འགུལ་ཚད་རིམ་པ་བདུན་ཚེག་བཞི་ཡོད་པའི་ས་འགུལ་རྒྱབ་འདུག
ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། འདི་ཚེས་༢༢་ཉིན་གྱི་ཐོ་རངས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་ཕྱོགས་སུ་འགུལ་ཚད་རིམ་པ་བདུན་ཚེག་བཞི་ཡོད་པའི་ས་འགུལ་རྒྱབ་ནས་མི་ཚོ་ཁང་པའི་ཕྱི་ལ་བུད་ནས་ཉེན་གཡོལ་བྱེད་བཞིན་པ་མ་ཟད། སྤྱི་ཚོགས་དྲ་ལམ་དུ་བརྙན་དང་པར་རིས་ནང་ཁང་པ་རྡིབ་པ་དང་། ཁང་པ་རྡིབ་པའི་འོག་ཏུ་མི་མནན་ཡོད་པ་ཡུལ་མི་ཚོས་མྱུར་སྐྱོབ་བྱེད་བཞིན་པ་སོགས་མཐོང་རྒྱུ་འདུག འདི་གའི་གསར་ཁང་གིས་མགོ་ལོག་ཁུལ་ལ་ཡོད་པའི་བོད་མི་ཞིག་ལ་སྐད་ཆ་དྲིས་སྐབས། ཁོང་གིས། ས་འགུལ་ཧ་ཅང་གི་ཤུགས་ཆེན་པོ་རྒྱབ་སོང་། ད་ལྟ་མི་མང་པོ་ཁང་པའི་ཕྱི་ལ་ཐོན་ནས་ཉེན་གཡོལ་བྱས་བསྡད་འདུག ཁོའི་ཉེ་འཁོར་ལ་ཁང་པ་རྡིབ་ཡོད་པ་སོགས་མཐོང་རྒྱུ་མི་འདུག་མོད། རྨ་སྟོད་ཕྱོགས་སུ་ལམ་ཆད་པ་དང་། ཟམ་པ་རྡིབ་ཡོད་པ་སོགས་ཀྱི་གནས་ཚུལ་འདུག་ཟེར།
དེའི་ཐད་རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ས་འགུལ་དེ་ཟླ་༥་བའི་ཚེས་༢༢་ཉིན་གྱི་ཐོ་རེངས་ཆུ་ཚོད་༢་དང་སྐར་མ་བཞིའི་ཐོག་རྒྱབ་ཡོད་པ་དང་། འགུལ་ཚད་རིམ་པ་བདུན་ཚེག་བཞི་ཡོད་པའི་ས་འགུལ་རྒྱག་ས་གཙོ་བོ་ནི། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་ཕྱོགས་སུ་འཁེལ་ཡོད་ཀྱང་། དེ་མིན་ས་ཁུལ་མང་པོ་ནས་འགུལ་ཤུགས་ཚོར་ཡོད་པ་མ་ཟད། ཟི་ལིང་སོགས་ནས་འགུལ་ཤུགས་ཆེན་པོ་ཚོར་ཡོད་པའི་གནས་ཚུལ་སྤེལ་འདུག་ཀྱང་། ཁང་པ་གཏོར་སྐྱོན་དང་མི་སྣ་ཤི་རྨས་སོགས་བྱུང་ཡོད་མེད་ཀྱི་གནས་ཚུལ་དུང་ཁ་གསལ་བཀོད་མི་འདུག་ལ། ད་རེས་ས་ཡོམ་དུས་ཡུན་སྐར་མ་༢་དང་སྐར་ཆ་༤འི་རིང་བརྒྱབ་འདུག་ཅིང་། རྒྱ་ནག་རྒྱལ་ཡོངས་ས་ཡོམ་ལས་ཁུངས་ཀྱི་དྲ་བའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ས་ཡོམ་ལྟེ་བའི་ཉེ་འཁོར་གྱི་སྤྱི་ལེ་༢༠༠་ཡི་ནང་ཚུན་དུ་ལོ་༥་ཡི་ནང་རིམ་པ་༣་ཡན་གྱི་ས་ཡོམ་ཁྱོན་༢༥་བརྒྱབ་ཡོད་པ་དང་ཡོམ་ཚད་ཆེ་ཤོས་ནི་ད་ཐེངས་ཀྱི་ས་ཡོམ་འདི་ཡིན་འདུག

ས་ཡོམ་བྱུང་སའི་ལྟེ་བ་དངོས་དེ་རྨ་སྟོད་རྫོང་གྲོང་བརྡལ་དང་བར་ཐག་སྤྱི་ལེ་༣༨་ཡོད་པ་དང་། དར་ལག་རྫོང་དང་བར་ཐག་སྤྱི་ལེ་༡༥༣། དགའ་བདེ་རྫོང་དང་བར་ཐག་སྤྱི་ལེ་༡༦༩། རྨ་ཆེན་རྫོང་དང་བར་ཐག་སྤྱི་ལེ་༡༧༥། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་བར་ཐག་སྤྱི་ལེ་༡༧༥། ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་༣༨༥་བཅས་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org