བོད་དོན་དཀའ་གནད་སེལ་རྒྱུར་ཡོ་རོབ་གྲོས་ཚོགས་ལ་འབོད་སྐུལ།

༸གོང་ས་མཆོག་གི་ཡོ་རོབ་ཁུལ་གྱི་སྐུ་ཚབ་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱིས་གྲུབ་འབྲས་ཤིག་ཐོན་ཐབས་ཀྱི་རོགས་རམ་ཡོང་བའི་འབོད་སྐུལ།

༄༅༎སྦེལ་ཇེམ་གྱི་རྒྱལ་ས་སྦ་ར་སེལ་སི་ནང་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་ཁུལ་གྱི་སྐུ་ཚབ་སྐུ་ངོ་བཀྲིས་དབང་འདུས་མཆོག་གིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཡོང་ཐབས་དང་བོད་ནང་གི་ཐོབ་ཐང་ཡར་རྒྱས་ཡོང་ཐབས་ཀྱི་གནད་དོན་ཐོག་ལ་ཡོ་རོབ་གྲོས་ཚོགས་ཀྱིས་གྲུབ་འབྲས་ཤིག་ཐོན་ཐབས་ཀྱི་རོགས་རམ་ཡོང་བའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པའི་སྐོར་ལ་རེས་གཟའ་ཕུར་བུའི་ཉིན་བཙན་བྱོལ་བོད་གཞུང་གི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་རེས་གཟའ་ལྷག་པའི་ཉིན་ཡོ་རོབ་གྲོས་ཚོགས་ཐོག་ལ་བོད་ཀྱི་གནད་དོན་དེའི་ཐོག་ལ་བགྲོ་གླེང་གནང་བའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་སྐུ་ཚབ་སྐུ་ངོ་བཀྲིས་དབང་འདུས་མཆོག་གིས་གཏམ་བཤད་ནང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་བོད་ཀྱི་དཀའ་རྙོག་དེ་སེལ་ཐབས་ལ་རྒྱ་ནག་ཕྱོགས་ནས་ལག་ལེན་འཁྱོལ་བ་ཞིག་ཡོང་ཐབས་ཀྱི་རོགས་རམ་དགོས་གལ་ཆེ་བ་དང་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་རྫུ་འཕྲུལ་ལྟ་བུའི་དཀའ་ལས་མ་བརྒྱབ་པར་འབྲས་བུ་སོན་ཐུབ་རྒྱུ་མིན་པ་ངོས་འཛིན་བྱེད་ཀྱི་ཡིན། ཡིན་ནའང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་དཀའ་རྙོག་དེ་སེལ་ཐབས་ལ་རྒྱབ་སྐྱོར་གྱི་སྣེ་ཁྲིད་འགན་འཁུར་བཞེས་རྒྱུའི་ཐུགས་རེ་གནང་གི་ཡོད། རྒྱ་ནག་ཕྱོགས་ནས་བོད་ཀྱི་དངོས་ཡོད་གནད་དོན་ཐོག་ལ་མུ་མཐུད་ནས་འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱེད་པ་དེ་ཡིས་བོད་མི་རིགས་དང་རྒྱ་མི་རིགས་བར་ལ་འཁོན་འཛིན་དང་མི་རིགས་ཀྱི་འཐེན་འཁྱེར་རྣམ་པ་ཤུགས་ཆེ་འགྲོ་བ་ལས་རྒྱ་མི་རིགས་ཀྱི་ཁྲོད་དུ་བོད་ཀྱི་གནད་དོན་གོ་རྟོགས་འཕེལ་རྒྱུར་འགོག་རྐྱེན་དུ་འགྱུར་གྱི་ཡོད་པ་རེད། གང་ལྟར་ད་རེས་ང་རང་ཡོ་རོབ་གྲོས་ཚོགས་ཐོག་རྒྱ་ནག་ཐོག་ལ་སྐྱོན་བརྗོད་བྱེད་དུ་བཅར་པ་ཞིག་མིན་ལ་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་དང་ལོ་རྒྱུས་ཀྱི་དྲན་སྐུལ་བྱེད་ཀྱི་མེད། ཡིན་ནའང་དངོས་ཡོད་གནས་ཚུལ་བཤད་པ་ཡིན་ན་རྒྱ་ནག་ཕྱོགས་ནས་བོད་ཀྱི་གནད་དོན་ཐོག་ལ་འཁྱོག་བཤད་དང་རྫུན་གཏམ་མུ་མཐུད་དྲིལ་བསྒྲགས་བྱེད་པ་ནི་དངོས་ཡོད་གནས་ཚུལ་ཡིན་ཞིང་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་༸གོང་ས་མཆོག་གི་དགོངས་གཞི་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་ངམ་དབུ་མའི་ལམ་གྱི་ཐབས་ལམ་དེ་ཡིན་པ་གསུངས་ཡོད་པ་རེད། དེ་བཞིན་ཡོ་རོབ་གྲོས་ཚོགས་ཐོག་གསུང་བཤད་གནང་མཁན་གཙོ་བོ་གཅིག་ནི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཨེ་ཌི་ལྦ་དྲིལ་མེཀ་མི་ལེན་ཡིན་པ་དང་ཁོང་ནི་རྒྱ་ནག་གཞུང་གི་སྲིད་ཇུས་ལ་དུས་རྟག་ཏུ་སྐྱོན་བརྗོད་གནང་མཁན་ཞིག་ཡིན་ཞིང་ཁོང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་དུས་རབས་ཟིན་ཡོད་ནའང་ད་དུང་མུ་མཐུད་ནས་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་བརྟེན་ནས་ང་ཚོ་ཡོ་རོབ་གྲོས་ཚོགས་ཀྱི་ཐོག་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཞུ་གི་ཡིན་ཞེས་གསུངས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org