ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད།

ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་མི་གཉིས་སྲོག་ཐོག་ཏུ་བཏང་བར་སྐྱོན་བརྗོད་ཤུགས་ཆེ་གནང་བའི་སྤྱིར་བསྒྲགས་སྤེལ་བ།

༄༅༎ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་མི་གཉིས་སྲོག་ཐོག་ཏུ་བཏང་བར་སྐྱོན་བརྗོད་ཤུགས་ཆེ་གནང་ཞིང་ཁོང་ཚོའི་ཐོག་ཁྲིམས་གཤེར་ཚུལ་ལྡན་བྱུང་མེད་པ་ནི་བློ་དྭོགས་སྐྱེས་གཞི་ཞིག་ཡིན་པ་གསུངས་འདུག

དེ་ཡང་ཡོ་རོབ་མཐུན་ཚོགས་ཀྱི་ཟླ་དྲུག་རེ་མོས་ཀྱི་ཚོགས་གཙོ་ལས་ཐོག་པ་སུལྦེ་ཌེན་གཞུང་གིས་ཚོགས་མིའི་རྒྱལ་ཁབ་ཉི་ཤུ་རྩ་བདུན་གྱི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་སྤྱིར་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་ཡོ་རོབ་མཐུན་ཚོགས་ནས་ཉེ་ཆར་བོད་མི་བློ་བཟང་རྒྱལ་མཚན་དང་བློ་ཡག་གཉིས་སྲོག་ཐོག་བཏང་བར་མཐའ་གཅིག་ཏུ་སྐྱོན་བརྗོད་བྱེད་རྒྱུ་ཡིན་ཞེས་དང་ཡོ་རོབ་མཐུན་ཚོགས་ནས་དྲག་ལས་སྤེལ་མཁན་གྱི་བྱེད་ལྟེ་ཚོ་ཁྲིམས་ཀྱི་མདུན་སར་ཁྲིམས་གཤེར་བྱེད་པའི་རྒྱ་ནག་གཞུང་གི་ཐོབ་ཐང་ལ་བརྩི་སྲུང་ཞུ་རྒྱུ་ཡིན་ཡང་ནག་ཉེས་ཀྱི་གནད་དིན་ཇི་འདྲ་ཞིག་གི་ཐོག་ནས་ཀྱང་སྲོག་ཐོག་གི་ཉེས་ཆད་གཏང་རྒྱུར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་པའི་ལངས་ཕྱོགས་གསལ་བཏོན་བྱ་རྒྱུ་ཡིན་ཞེས་གསུངས་འདུག

ད་དུང་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོའི་སྤྱིར་བསྒྲགས་དེའི་ནང་ང་ཚོས་དེ་སྔོན་ཡང་བརྗོད་ཟིན་པ་ལྟར་སྲོག་ཐོག་གི་ཉེས་ཆད་བཏང་པའི་བོད་མི་དེ་དག་གི་ཐོག་ཁྲིམས་གཤེར་དྲང་བདེན་བྱུང་མིན་ཐད་བློ་འཚབ་ཡོད་པ་དེ་སླར་ཡང་གསལ་བཏོན་བྱ་རྒྱུ་ཡིན་ཞེས་གསུངས་འདུག

སྔ་ལོ་བོད་ཀྱི་རྒྱལ་ས་ལྷ་སའི་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན་གྱི་བོད་མི་གཞན་ཁག་གཅིག་ལ་ཡང་སྲོག་ཐོག་གི་ཉེས་ཆད་བཀལ་ཡོད་པ་ཁོང་ཚོའི་སྲོག་ཐོག་གི་ཉེས་ཆད་ཕྱིར་བསྡུ་དགོས་པའི་འབོད་བསྐུལ་ཡང་ཞུས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org