ཁམས་གསེར་རྟ་རྫོང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ།

བོད་མི་བཅུ་གྲངས་ཤིག་གིས་གསེར་རྟ་རྫོང་ཐོག་ཏུ་༧གོང་ས་མཆོག་གི་སྐུ་པར་བསྣམས་ཏེ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པའི་སྐོར།

༄༅༎ཉེ་ཆར་སླར་ཡང་བོད་ནང་དུ་བོད་མིས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་པའི་རྗེས། རེས་གཟའ་ཟླ་བའི་ཉིན་དགེ་འདུན་པས་དབུ་ཁྲིད་པའི་བོད་མི་བཅུ་གྲངས་ཤིག་གིས་གསེར་རྟ་རྫོང་ཐོག་ཏུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བསྣམས་ཏེ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པའི་སྐོར་དེ་རིང་པེ་ཅིང་ནས་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག
ཨེ་པི་གསར་འགོད་པས་སེར་རྟ་རྫོང་གི་ཉེན་རྟོག་པ་ཞིག་ལ་རེས་གཟའ་ཟླ་བའི་ཉིན་གསེར་རྟ་རྫོང་གི་ཁྲོམ་གཞུང་དུ་ངོ་རྒོལ་ལས་འགུལ་བྱུང་བའི་དོན་རྐྱེན་སྐོར་སྐད་ཆ་དྲིས་པའི་སྐབས།  འབྲེལ་ཡོད་དཔོན་རིགས་ནས་དོན་རྐྱེན་དེའི་ཐད་ཐག་གཅོད་བྱས་ཟིན་པའི་སྐོར་བཤད་པ་ལས་དེ་མིན་གྱི་བོད་མི་འཛིན་བཟུང་བྱས་ཡོད་མེད་སྐོར་སྐད་ཆ་དྲིས་པར་ལན་འདེབས་བྱས་མེད་པའི་སྐོར་དང༌། དེ་བཞིན་དུ་ཁོང་ཚོས། གསེར་རྟ་ས་གནས་བདེ་འཇགས་ལས་ཁང་གི་དཔོན་རིགས་ཤིག་ལ་སྐད་ཆ་དྲིས་པའི་སྐབས། རུས་མིང་ལྦང་ཟེར་བའི་དཔོན་རིགས་དེ་ཡིས། རེས་གཟའ་ཟླ་བའི་ཉིན་བོད་མི་བཅུ་གྲངས་འགའ་ཤས་ཤིག་གིས་འདུ་འཛོམས་བྱས་པ་མ་ཟད། ཏྰ་ལའི་བླ་མའི་སྐུ་པར་ཡང་འཁྱེར་ཡོད་པའི་གནས་ཚུལ་འགྲེལ་བརྗོད་བྱས་བྱུང་བ་དང༌། ད་དུང་རྒྱ་མིའི་ལོ་གསར་ཟིན་ལ་ཉེ་བར་སླེབས་ཡོད་པར་སོང་ཁོང་ཚོས་མི་དམངས་ཀྱིས་དོ་སྣང་ཡོང་ཐབས་བྱས་པ་ཞིག་ཡིན་ལུགས་དང༌། འོན་ཀྱང་དོན་རྐྱེན་དེ་ནི་འབྲེལ་ཡོད་ཉེན་རྟོག་པས་ཐག་གཅོད་བྱས་ཟིན་པའི་སྐོར་བཤད་ཡོད་པ་ལས། དེ་མིན་གྱི་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་བྱས་མེད་པ་གསུང་པ་དང༌། ད་དུང་ཁོང་ཚོས་དོན་རྐྱེན་དེའི་སྐོར་མུ་མཐུད་གསེར་རྟ་ས་གནས་གཞུང་ལ་སྐད་ཆ་དྲིས་པའི་སྐབས་ངོ་རྒོལ་གྱི་ལས་འགུལ་བྱུང་མེད་པའི་འགྲེལ་བརྗོད་བྱས་བྱུང་བའི་སྐོར་གསུང་ཡོད་པ་རེད། བོད་ནང་གི་གནས་ཚུལ་ཤེས་རྟོག་བྱུང་བ་ཚོས་གསུང་ན། ཕྱི་ཚེས་༡༦ རེས་གཟའ་ཟླ་བའི་ཉིན་དགེ་འདུན་པ་གཉིས་ཀྱིས་གསེར་རྟ་རྫོང་གི་ཁྲོམ་གཞུང་དུ་རླུང་རྟ་གཏོར་བ་དང༌། བོད་ལ་རང་བཙན་དགོས་པའི་སྐད་འབོད་བྱེད་བཞིན་དུ་བསྐྱོད་པའི་སྐབས། ཉེན་རྟོག་པ་ཡོང་སྟེ་ཉེས་རྡུང་དྲག་པོ་བཏང་གིན་དུ་བཙན་ཁྲིད་བྱེད་པ་དེའི་ཁུལ་གྱི་བོད་མི་ཚོས་སེམས་ཀྱི་མི་བཟོད་པར་རུབ་རྒྱབ་སྟེ་དགེ་འདུན་པ་གཉིས་པོ་སྐྱོབ་ཐུབ་པ་བྱུང་བ་མ་ཟད། ཁྲོམ་གཞུང་དུ་ཡོད་པའི་བོད་མི་བཅུ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་༧གོང་ས་མཆོག་བོད་ལ་གདན་ཞུ་བྱ་དགོས། བོད་རང་དབང་དགོས་ཞེས་པའི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་ལས་འགུལ་སྤེལ་ཡོད་པའི་སྐོར་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org