བོད་སྐྱེ་རྒུ་མདོའི་སྐོར་གྱི་པར་གྱི་འགྲེམས་སྟོན།
ཀེ་ན་ཌའི་སྨན་པ་ཞིག་གིས་སྒ་སྐྱེ་རྒུ་མདོའི་ཡུལ་དང་མི་མང་ལ་བསྟོད་བསྔགས་མཚོན་པའི་པར་གྱི་འགྲེམས་སྟོན་ཞིག་གནང་ཡག་རེད་འདུག
-
2011-10-13 -
-
-
༄༅༎ཀེ་ན་ཌའི་སྨན་པ་རོའོ་མེན་ཨེ་ལིན་སེན་ཡིས་ སྒ་སྐྱེ་རྒུ་མདོའི་ཡུལ་དང་མི་མང་ལ་བསྟོད་བསྔགས་མཚོན་པའི་པར་གྱི་འགྲེམས་སྟོན་ཞིག་ གྲོང་ཁྱེར་ཀྲོ་རན་ཀྲོ་ནང་གི་མའེལ་སེ་ན་ཌའལ་ཇིའུ་མི་རིགས་ཀྱི་སྤྱི་ཁང་ནང་ཟླ་བ་འདིའི་ཚེས་༣༡བར་གནང་ཡག་རེད་འདུག།
སྨན་པ་ཨེ་ལིན་སེན་དེ་སྔོན་༢༠༠༤དང་༢༠༠༧ལོར་བོད་ཀྱི་ས་གནས་སྒ་སྐྱེ་རྒུ་མདོར་ཟླ་བ་གཅིག་རིང་དང་བླངས་སྨན་བཅོས་ཞབས་ཞུའི་ལས་དོན་གནང་བར་ཕེབས་ཡོད་པ་དང༌། སྐབས་དེར་ཁོང་གིས་སྐྱེ་རྒུ་མདོའི་ཡུལ་ལྗོངས་དང་། ས་གནས་དེའི་བོད་མི་ཚོའི་འཚོ་བ་སྐྱེལ་བཏང་སྐོར་པར་མང་པོ་ཞིག་སྐྱོན་ཡོད་པ་དེ་ད་ཆ་གྲོང་ཁྱེར་ཀྲོ་རན་ཀྲོ་ནང་འགྲེམས་སྟོན་གནང་འདུག། ཁོང་ལ་ཇིའུ་ཨིཤ་ཏྲི་སྦུན་གསར་ཤོག་གིས་བཅར་འདྲི་ཞུས་པར་ལན་འདེབས་གནང་སྐབས། ཁོང་སྐྱེ་གུ་མདོར་ཕེབས་སྐབས་ཁུལ་དེའི་ནང་གི་མང་ཚོགས་ཀྱི་རྣམ་འགྱུར་དང་འཚོ་བ་སྐྱེལ་བཏང་དེ་ཚོ་ས་གནས་གཞན་དང་གཅིག་མཚུངས་ཡོག་རེད་བསམ་པ་ནང་བཞིན་མེད་པར། ཁུལ་དེའི་ནང་གི་བོད་མི་ཚོ་དཀའ་སྡུག་ཇི་ཙམ་མྱོང་ཡང་སེམས་པ་བག་ཡངས་པོ་དང་རྣམ་འགྱུར་ཁ་ཡག་པོ་གཞན་དང་མི་འདྲ་བ་དམིགས་བསལ་ཅན་ཞིག་ཡོད་པ་གཟིགས་ཡོད་དུས། སྨན་པ་ཨེ་ལིན་སེན་ཡིས་སྐྱེ་རྒུ་མདོའི་མི་མང་གི་སྤྲོ་སེམས་ལྡན་པའི་རྣམ་འགྱུར་དེ་ཚོ་ཕྱི་ཕྱོགས་ལ་སྟོན་གནང་འདོད་བྱུང་སྟེ། ཡུ་ཤུལ་གྱི་མཛེས་སྡུག་ཞེས་པའི་པར་གྱི་འགྲེམས་སྟོན་དེ་གནང་འདུག།
ཁོང་༢༠༠༤དང་༢༠༠༧གཉིས་སུ་ སྒ་སྐྱེ་རྒུ་མདོར་ཕྱོགས་སྐྱོད་གནང་ཡག་དེ་ སྐབས་དེར་ ཀེ་ན་ཌའི་སྨན་པ་ཨའེ་ཛེཀ་སོ་སྦོལ་ཡིས་སྣེ་འཁྲིད་འོག་སྨན་པའི་རུ་ཁག་ཅིག་མཉམ་ཕེབས་ནས་ སྐྱེ་རྒུ་མདོར་དྭ་ཕྲུག་ཁང་ཞིག་ཡོད་པ་དེར་སྒོ་བསྟེན་སྨན་ཁང་ཅིག་གསར་འཛུགས་གནང་ཡོད་ཅིང༌། ཁུལ་དེའི་མི་མང་ཆིག་སྟོང་ཙམ་ལ་རིན་མེད་སྨན་བཅོས་ཞབས་ཞུ་གནང་ཡོད་པ་རེད།