འཇམ་དཔལ་ཡེ་ཤེས་ཀྱི་ཁ་ཆེམས་ནང་རྒྱལ་སྤྱིར་འབོད་སྐུལ།
འཇམ་དཔལ་ཡེ་ཤེས་ལག་སཀྱི་ཞལ་ཆེམས་ཡི་གེའི་ནང་བོད་མིར་རང་དབང་དགོས་ལུགས་རྒྱལ་སྤྱིའི་ཐོག་འབོད་སྐུལ་ཞུས་ཡོད་འདུག
-
2012-03-29 -
-
-
༄༅༎བོད་མི་གཞོན་སྐྱེས་རང་ལུས་མེར་སྲེགས་བཏང་མཁན་འཇམ་དཔལ་ཡེ་ཤེས་ལགས་ནས་ཞལ་ཆེམས་ཡི་གེའི་ནང་། བོད་མིར་རང་དབང་དགོས་ལུགས་རྒྱལ་སྤྱིའི་ཐོག་འབོད་སྐུལ་ཞུས་ཡོད་འདུག
ཨེ་པི་གསར་འགྱུར་ལས་ཁང་ནས་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ས་ལྡི་ལིའི་ནང་། རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏོ་་ཚོགས་འདུར་ཕེབས་པའི་དུས་ཚོད་དང་བསྟུན་ནས་ངོ་རྒོལ་མཚོན་ཆེད་རང་ལུས་མེར་སྲེགས་བཏང་ནས་མཐའ་མ་ཁ་ས་འདས་གྲོངས་གྱུར་བའི་བོད་པའི་གཞོན་སྐྱེས་འཇམ་དཔལ་ཡེ་ཤེས་ཀྱིས་སྔོན་ཚུད་ནས་ཡིག་ཐོག་ཁ་ཆེམས་བཞག་པའི་ནང་། ང་ཚོས་སོ་སོའི་བདེན་མཐའ་སེལ་རྒྱུའི་དུས་ཚོད་སླེབས་ལ་ཉེ་བའི་སྐབས་འདིར། སོ་སོར་རྒྱུ་ཡོད་ན་འགྲོ་སོང་གཏོང་དགོས་པ་དང་། སློབ་སྦྱོང་ཡོད་ན་གྲུབ་འབྲས་བཏོན་དགོས་པ་གང་ལྟར་སོ་སོའི་ལུས་སྲོག་ཚུན་ཆད་ནས་བློས་གཏོང་བྱེད་ཐུབ་པའི་དུས་ཚོད་ཤིག་རེད། དུས་རབས་ཉེར་གཅིག་པ་འདིའི་ནང་། བོད་མི་ཚོས་རང་སྲོག་མེ་ལ་ཕུལ་ནས་བློས་གཏོང་བྱེད་ཀྱི་ཡོད་པ་ནི་འཛམ་གླིང་མི་མང་ཚོར་ང་ཚོར་དཀའ་སྡུག་ག་འདྲ་ཞིག་ཡོད་མེད་བཏོན་རྒྱུའི་ཆེད་ཡིན་པར་བརྟེན་རྒྱལ་སྤྱིའི་ཐོག་ནས་ཀྱང་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་དང་དཔོན་རིགས་ཚོ་རྒྱལ་ས་ལྡི་ལིའི་ནང་། ཚོགས་འདུར་བཞུགས་རྒྱུན་རིང་བོད་མི་སྤྱི་དང་། ལྷག་པར་དུ་ལས་འགུལ་སྤེལ་མཁན་མང་པོ་ཞིག་འཛིན་བཟུང་དོ་དམ་བྱས་ཡོད་པ་མ་ཟད་ཁོང་ཚོ་རེས་གཟའ་པ་སངས་བར་ཧུ་ཇིན་ཏོ་ཕྱིར་ལོག་མ་བྱས་བར་བཀག་ཉར་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག