བོད་རྔ་པའི་ཁུལ་དུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ།
བོད་རྔ་པའི་མི་དམངས་ཀྱིས་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་བྱ་དགོས་པའི་འབོད་ཚིག་སྒྲོག་ཏེ་ཞི་རྒོལ་བྱས་པ།
-
2012-01-24 -
-
-
༄༅༎རེས་གཟའ་ཟླ་བའི་ཉིན་བོད་ཀྱི་མདོ་སྨད་རྔ་པའི་མི་དམངས་ཀྱིས་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་བྱ་དགོས་པའི་འབོད་ཚིག་སྒྲོག་ཏེ་ཞི་བའི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པར་བརྟེན་རྒྱ་མིའི་ཉེན་རྟོག་པས་བོད་མི་འཛིན་བཟུང་བྱས་པ་དང་ཉེས་རྡུང་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།
ཕྱི་ཟླ་དང་པོའི་ཚེས་༢༣ དང་རེས་གཟའ་ཟླ་བའི་ཉིན་མོ་དེ་ནི། རྒྱ་མིའི་དཔྱིད་ལོའི་ལོ་གསར་གྱི་དུས་ཆེན་འཁེལ་བའི་སྐབས། རྔ་པ་ཁུལ་དུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བ་མ་ཟད། ༢༠༠༩ ལོ་ནས་བཟུང་རྔ་པ་ཁུལ་དུ་བོད་མི་བཅིུས་ཀྱིས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པར་གདུང་སེམས་ཉམས་བསྐྱེད་མཚོན་ཆེད་འདི་ལོའི་རྒྱ་མིའི་དཔྱིད་ལོའི་ལོ་གསར་གཏོང་རྒྱུ་མེད་པའི་འབོད་སྐུལ་ཡང་བྱས་ཡོད་པ་རེད།
རེས་གཟའ་ཟླ་བའི་ཉིན་བོད་མི་ཚོས་སྤེལ་བའི་ངོ་རྒོལ་ལས་འགུལ་དེའི་འབྱུང་རིམ་སྐོར་ལ་དེ་རིང་བཞུགས་སྒར་དུ་ཆགས་པའི་ཀིརྟི་བྱེས་པ་གྲ་ཚང་གིས་གསལ་བསྒྲགས་སྤེལ་བ་ནས་ལུང་འདྲེན་བྱས་པར་གཞིགས་ན། དེ་ཉིན་སྔ་དྲོ་རྔ་པ་རྫོང་གི་རྨེའུ་རུ་མའི་གཞུང་ལམ་དུ་རྨེའུ་རུ་མ་དང༌། དེ་ནས་ས་ཐག་ཉེ་བའི་གནམ་མཚོ་དགོན་པའི་དགེ་འདུན་པ་དང༌། ད་དུང་ལུས་ཕྱེད་སྟོད་ཧྲང་བྱས་པའི་ས་གནས་མི་དམངས་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་བོད་ཀྱི་ཐོུང་མ་ཡིན་པའི་ངོ་བོ་མཚོན་ཐབས་སུ་རྩམ་པ་སྒམ་དང༌། མ་ནི་འདོན་བཞིན་དུ་ཞི་བའི་ཐོག་ངོ་རྒོལ་གྱི་རྣམ་འགྱུར་བཏོན་ཡོད་པ་དང༌། དེ་རྗེས་ཉིན་གུང་རྒྱབ་ཏུ་བོད་མི་ཚོས་མར་མེའི་ཁྲོམ་སྐོར་བྱས་ཏེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་བྱ་དགོས། བོད་ལ་རང་དབང་དགོས་ཞེས་པའི་འབོད་ཚིག་སྒྲོག་པའི་སྐབས། རྒྱ་མིའི་ཉེན་རྟོག་པས་མི་དམངས་དཀྱིལ་དུ་གང་བྱུང་གིས་ཉེས་རྡུང་བཏང་བ་མ་ཟད། མང་པོ་ཞིག་འཛིན་བཟུང་བྱས་ཏེ་ཉེན་རྟོག་པའི་མོ་ཊ་ཆེ་བའི་ནང་བླུགས་ཏེ་བཙན་ཁྲིད་བྱས་ཡོད་པ་རེད། ད་དུང་ཉིན་དེར་རྒྱ་མིའི་ཉེན་རྟོག་པ་དང་དམག་མི་ཧ་ཅང་མང་པོ་འགྲེམས་འཇོག་བྱས་ཡོད་ཀྱང་ཉིན་དེའི་སྔ་དྲོའི་ཚོུད་༡༡ ཙམ་ལ་རྔ་པ་ཀིརྟི་དགོན་པའི་མདུན་དུ་མི་དམངས་༣༠༠ ལྷག་འདུ་འཛོམས་ཀྱིས་ལག་ཏུ་མར་མེ་དང་སྤོས་བཟུང་སྟེ་མ་ནི་འདོན་བཞོན་དུ་སྐོར་བ་བྱས་པ་མ་ཟད། ད་དུང་ཉིན་གུང་རྒྱབ་ཏུ་བོད་མི་སྐྱ་སེར་༥༠༠ ལྷག་སླར་ཡང་ཀིརྟི་དགོན་པའི་མདུན་དུ་འདུ་འཛོམས་བྱས་ཏེ་སྔར་བཞིན་མར་མེ་དང་སྤོས་འཁྱེར་ཏེ་སྐོར་བ་བྱས་ཡོད་ཀྱང་སྐབས་དེར་རྒྱ་མིའི་ཉེན་རྟོག་པས་བོད་མིར་ཉེས་རྡུང་བཏང་བ་དང་འཛིན་བཟུང་བྱས་པའི་གནས་ཚུལ་གང་ཡང་བྱུང་མེད་པ་རེད།