༸གོང་ས་མཆོག་ལྦི་སི་ཀོན་སིན་དུ་ཆིབས་བསྒྱུར་གནང་འཆར།
2008.07.16
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་༡༩ནས་༢༤བར་ཨ་མི་རི་ཀའི་ལྦི་སི་ཀོན་སིན་མངའ་སྡེའི་མེ་ཌི་སེན་ས་གནས་སུ་ཆིབས་བསྒྱུར་བཀྲིན་བསྐྱངས་ཀྱི་ཡོད་པ་ལྟར། ༸གོང་ས་མཆོག་ལ་ཆེ་བསྟོད་ཞུ་ཕྱིར་ མེ་ཌི་སེན་ས་གནས་གཞུང་གི་ལས་ཁང་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འགྲེངས་འཛུགས་གནང་ཡག་རེད་འདུག།
ཁ་ས་ཕྱི་ཚེས་༡༦ཉིན་ གྲོང་ཁྱེར་མེ་ཌི་སེན་དང་ཌེན་རྫོང་སྡེ་གཉིས་ཀྱི་དཔོན་རིགས་ཚོའི་སྐུ་ཚབ་ཚོགས་པས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་ད་རེས་ཕེབས་ཐེངས་བདུན་པ་དེ་ཆགས་ཀྱི་ཡོད་པའི་སྐབས་དེར། ༸གོང་ས་མཆོག་ལ་གུས་བཀུར་དང་ཆེ་ཐོངས་ཞུ་ཕྱིར་ས་གནས་གཞུང་གི་ལས་ཁང་ཐོག་བོད་ཀྱི་རྒྱལ་དར་འགྲེངས་འཛུགས་གནང་རྒྱུའི་གྲོས་གཞིར་སྤྱི་མོས་འོས་བསྡུ་གནང་ཡོད་ཅིང༌། དེ་སྔོན་བོད་དོན་དང་བོད་མི་ཚོས་རང་སྲིད་རང་སྐྱོང་རྩོད་ལེན་ལ་རྒྱབ་སྐྱོར་གྱི་གྲོས་འཆར་བཏོན་གནང་མཁན་སྐུ་ཞབས་ ཌེལྦ་ཌི་ཕེ་ལིསི་ ཡིས་གོང་གི་གྲོས་འཆར་དེ་བཏོན་གནང་ཡོད་པ་རེད། སྐུ་ཞབས་ཌེལྦ་ཌི་ཕེ་ལིསི་ཡིས་ དེ་ནི་བོད་ཀྱི་རྒྱལ་རབ་ནང་གལ་ཆེའི་དུས་མཚམས་ཤིག་ཆགས་རྒྱུ་ཡིན་ཞིང༌། ༢༠༠༨ལོའི་དབྱར་ཁའི་ཨོ་ལིམཔིག་རྩེད་འགྲན་དེ་རིང་མིན་ཕྱི་ཟླ་༨པའི་ནང་ཚུགས་སྐབས་བོད་ཐོག་བཙན་འཛུལ་བྱེད་མཁན་རྒྱ་ནག་ཐོག་འཛམ་གླིང་གི་དོ་སྣང་བྱ་རྒྱུ་ཡིན་སྐོར་གསུངས་པ་དང་། ཡང་ཁོང་གིས་ བོད་ཀྱི་རྒྱལ་དར་ང་ཚོའི་སྲིད་གཞུང་གི་ལས་ཁང་ཐོག་འགྲེངས་འཛུགས་བྱས་པ་བརྒྱུད་ང་ཚོས་རང་དབང་ལ་རྒྱབ་སྐྱོར་དང་ང་ཚོའི་སྤྱི་ཚོགས་དང་ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་མི་ཚོ་དང་མཐུན་སྒྲིལ་རྡོག་རྩ་ཅིག་སྒྲིལ་ཡོད་པ་གསལ་བཏོན་བྱ་རྒྱུའི་དོན་དུ་ཡིན་ཞེས་འགྲེལ་བརྗོད་གནང་བཞག།
ལྦི་སི་ཀོན་སིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་བསྟན་འཛིན་ལགས་ཀྱིས་གྲོང་སྡེ་ལས་ཁུངས་ཀྱི་འཛིན་སྐྱོང་ལྷན་ཚོགས་ཐོག་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པའི་རྒྱུ་མཚན་འགྲེལ་བཤད་གནང་ཡོད་པ་རེད།