༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཞབས་སོར་འཁོད་གནང་བ།
༧གོང་ས་མཆོག་གིས་ཨ་རིའི་མཛད་འཆར་ཁག་ལེགས་པར་གྲུབ་པ་དང་ཐད་ཀར་རྒྱ་གར་ལྷོ་ཕྱོགས་སུ་མཛད་འཆར་ཆེད་ཞབས་སོར་འཁོད་གནང་འདུག
-
2016-07-01 -
-
-
༧གོང་ས་མཆོག་གིས་ཨ་རིའི་མཛད་འཆར་ཁག་ལེགས་པར་གྲུབ་པ་དང་ཐད་ཀར་རྒྱ་གར་ལྷོ་ཕྱོགས་སུ་མཛད་འཆར་ཆེད་ཞབས་སོར་འཁོད་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་རིའི་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་རྒྱ་གར་དུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་གྲུབ་པ་དང་། དེ་རིང་ཕྱི་ཟླ་༧་ཚེས་༡་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཡོད་པའི་འབྲས་སྤུངས་བླ་སྤྱིར་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག
ཐོག་མར་༧གོང་ས་མཆོག་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་རྟེན་གཙོ་རྣམས་ལ་ཆོས་མཇལ་དང་གནས་གཟིགས་ཕེབས་རྗེས། དུས་ད་ལྟ་བར་དུ་རྒྱུན་འཛིན་བྱེད་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་པའི་བོད་ཀྱི་ནང་ཆོས་ནི་རིག་གཞུང་གི་རྩ་བ་ཡིན་པ་དང་། དེང་སྐབས་དཔལ་ནཱ་ལེནྡྲའི་མཁས་པས་མཛད་པའི་ལེགས་བཤད་དེ་དག་འཛམ་གླིང་སྤྱི་ལ་ཕན་པ་སྒྲུབ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་བསྩལ་གནང་མཛད་འདུག
དེར་ཕྱི་ཟླ་༧་པའི་ཚེས་༢་ནས་༥་བར་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དང་། རྭ་སྟོད་གྲྭ་ཚང་། རྒྱུད་གྲྭ་སྟོད་སྨད། བཀྲ་ཤིས་ལྷུན་པོ་དགོན་པ་བཅས་ཀྱི་དགེ་འདུན་པ་ཁག་ཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་གནང་རྒྱུའི་ཆོས་འབྲེལ་བསྐྱང་གནང་རྒྱུ་ཡིན་ཞིང་། དེ་ནས་ཕྱི་ཟླ་བདུན་པའི་ཚེས་༦་རེས་གཟའ་ལྷག་པའི་ཉིན། ༧སྐུའི་འཁྲུངས་སྐར་ཉིན་མོར་སྔ་དྲོ་དགེ་ལུགས་པ་སྤྱི་དང་མོན་གྷོ་འདོད་རྒུ་གླིང་གི་བོད་མིའི་གཞིས་ཆགས་ཀྱི་སེར་སྐྱ་བོད་མི་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དེ་རྗེས་༧སྐུའི་འཁུངས་སྐར་སྲུང་བརྩིའི་མཛད་སྒོའི་ཐོག་དབུ་བཞུགས་མཛད་རྒྱུ་རེད།
ཕྱི་ཚེས་༧་ཉིན་འབྲས་སྤུངས་བློ་གསལ་གླིང་གི་ཆོས་རྭ་གསར་པ་ལེགས་གྲུབ་ཟིན་པ་དབུ་འབྱེད་མཛད་གནང་རྒྱུ་ཡིན་པ་རེད།
རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་འཕྲིན་གྲུབ་མཚམས་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་ཉིན་ཤས་བཞུགས་ཞག་དང་། དེ་ནས་གུ་རུ་རིན་པོ་ཆེའི་གནས་མཚོ་པདྨར་ཆིབས་བསྒྱུར་གྱིས་ཕྱི་ཟླ་༧ ཚེས་༡༣་ཉིན་རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་འདུག།
དེ་ནས་ཕྱི་ཟླ་༨་ཚེས་༡༢་དང་༡༣་ཉིན། ལ་དྭགས་རྒྱལ་ས་སླེའིོ་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་རྭ་བའི་ནང་བྱམས་ཆུབ་སེམས་འགྲེལ་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་དང་། སླར་ཡང་ཕྱི་ཟླ་༨་ཚེས་༡༩་ནས་༢༡་བར་སྤྱོད་འཇུག་ཆེན་མོའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་ཐུགས་གཏན་འཁེལ་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་གནང་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ་དང་གཡུ་སྒྲོན།