ཉིན་ལྟར་སེམས་ཞི་བདེ་ངང་གནས་པ་ཡིན་ན་ཁྱིམ་ཚང་དང་སྤྱི་ཚོགས་ནང་དུའང་ཞི་བདེ་ཡོང་གི་རེད། ༧གོང་ས་མཆོག་གིས།

འཛམ་གླིང་ཞི་བདེའི་རྩ་བ་ནི་གཞན་གཅེས་འཛིན་གྱི་བསམ་བློ་ཡིན་པ་དང་ཉིན་ལྟར་སེམས་ཀྱི་ཞི་བདེ་དེ་གནས་པ་ཡིན་ན་ཁྱིམ་ཚང་དང་སྤྱི་ཚོགས་ནང་དུའང་ཞི་བདེ་ཡོང་གི་རེད་ཅེས་༧གོང་ས་མཆོག་གིས་གསུང་ཆོས་མཇུག་བསྡོམས་སྐབས་བཀའ་བསྩལ་སོང་།

༧གོང་ས་མཆོག་ཕོ་བྲང་ནས་གཙུག་ལག་ཁང་དུ་ཕེབས་སྐབས། ༡༠།༠༥།༢༠༢༢ OHHDL

འཛམ་གླིང་ཞི་བདེའི་རྩ་བ་ནི་གཞན་གཅེས་འཛིན་གྱི་བསམ་བློ་ཡིན་པ་དང་ཉིན་ལྟར་སེམས་ཀྱི་ཞི་བདེ་དེ་གནས་པ་ཡིན་ན་ཁྱིམ་ཚང་དང་སྤྱི་ཚོགས་ནང་དུའང་ཞི་བདེ་ཡོང་གི་རེད་ཅེས་༧གོང་ས་མཆོག་གིས་གསུང་ཆོས་མཇུག་བསྡོམས་སྐབས་བཀའ་བསྩལ་སོང་།
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་ནས་ཕེབས་པ་གཙོས་ཆོས་ཞུ་བ་ཚོར། ཚད་མ་རྣམ་འགྲེལ་གྱི་བཀའ་ཆོས་ཉིན་གསུམ་རིང་གནང་བ་ལྟར། སྤྱི་ཟླ་༡༠པའི་ཚེས་༥ཉིན་གསུང་ཆོས་མཇུག་སྡོམ་གྱི་སྐབས་སུ། འཛམ་གླིང་ཞི་བདེའི་རྩ་བ་ནི་གཞན་གཅེས་འཛིན་གྱི་བསམ་བློ་ཡིན་པ་དང་། བློ་དེ་ཅི་ཙམ་ཡོད་པའི་ཚོད་ཀྱིས་སོ་སོ་གང་དུ་གནས་པའི་ཁོར་ཡུག་དེར་ཡང་རང་བཞིན་གྱིས་ཞི་བདེ་ཡོང་ཐུབ། དྲག་སྤྱོད་ཀྱི་གཙོ་བོའི་ཀུན་སློང་ནི་ཞེ་སྡང་གིས་ཆགས་ཡོང་གི་ཡོད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ཞེ་སྡང་གི་ནུས་པ་མར་བཅག་ཡོང་དུས། འཛམ་གླིང་ཞི་བདེ་དེའི་ཐོག་ནས་ཡོང་ཐུབ་པ་ཧ་ཅང་གསལ་བོ་ཡིན། དེ་བས་ཉི་མ་རེ་རེར་སེམས་ཀྱི་ཞི་བདེ་དེ་གནས་པ་ཡིན་ན། ཁྱིམ་ཚང་དང་སྤྱི་ཚོགས་ནང་དུའང་ཞི་བདེ་ཡོང་གི་རེད་ཅེས་བཀའ་གནང་སོང་།
ཡང་༧གོང་ས་མཆོག་གིས་བོད་ནང་རྒྱ་མི་གུང་ཁྲན་གྱིས་དགོན་པ་གཏོར་བ་དང་། ཆོས་པ་ཚོར་བསམ་གནག་གིས་བསད་པ་སོགས་ཡོང་གི་ཡོད་ནའང་། སེམས་ནང་དེ་ཚོ་འཕྲལ་སེལ་ཆགས་སྡང་གི་བློའི་གཞན་དབང་དུ་བཏང་སྟེ་ལས་ངན་བསག་གི་འདུག་བསམ་ནས་སྙིང་རྗེ་སྐྱེ་རྒྱུ་མ་གཏོགས། ཁོང་ཁྲོ་ཟ་རྒྱུ་ཕལ་ཆེར་མི་འདུག་ཅེས་བཀའ་གནང་ཡོད་པ་རེད།
ཆེད་དུ་བྱ་བའི་གདུལ་བྱ་ཐེ་ཝན་གྱི་རྒྱ་རིགས་དད་ལྡན་པ་ཚོར། ཉིན་གསུམ་རིང་བཀའ་ཆོས་ཀྱི་སྐབས། ༧གོང་ས་མཆོག་གིས་བྱང་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གྱི་མཐིལ་དུ་འཛིན་དགོས་པ་དང་། གང་ཐུབ་ཅི་ཐུབ་ཀྱིས་གཞན་ལ་ཕན་ཐོགས་རོགས་པ་བྱས་ན། བདེ་སྐྱིད་ཀྱི་རྩ་བ་ཡིན་པ་སོགས་བཀའ་ནན་ཡང་ཡང་དུ་གནང་ཡོད་པས། ཐེ་ཝན་གྱི་ཆོས་ཞུ་བ་ལོའོ་ཧྥུང་ཡཱན་ལགས་ནས། ༧གོང་ས་མཆོག་གིས་མདོ་སྔགས་ཀྱི་བཀའ་ཆོས་དེ་ཙམ་ཟབ་མོ་ཕེབས་པ་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ༧གོང་ས་མཆོག་གིས་ལམ་སྟོན་གྱི་བཤེས་གཉེན་མེད་ཚེ་ང་ཚོས་ཆོས་ཟབ་མོ་འདི་འདྲ་ལ་སློབ་སྦྱོང་གི་བསྐལ་བ་ཚེ་གང་རིང་བརྙེད་མི་སྲིད་ལ། ད་ཆ་ང་ཚོས་ཆོས་ལ་སློབ་གཉེར་དང་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་འབད་བརྩོན་གནང་ཆོག་གི་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་ཐེངས་ཧོང་ཀོང་གི་གཞོན་སྐྱེས་དྲུག་ཀྱང་ཆེད་དུ་གསུང་ཆོས་ཞུ་བར་བཅར་འདུག་ལ། ཧོང་ཀོང་གི་གཞོན་སྐྱེས་ལིན་ཝེ་ཁྲིན་ལགས་ཀྱིས། ༧གོང་ས་མཆོག་གི་བྱམས་བརྩེ་དང་རྣམ་དཔྱོད་ལྡན་པའི་ལམ་སྟོན་ལ་ངོ་མཚར་ཡི་རངས་ཆེན་པོ་ཡོད། ཁོང་གི་འཚེ་བ་མེད་པའི་ལམ་སྟོན་དང་བྱམས་བརྩེའི་ཉམས་ལེན་གྱི་བཀའ་ཆོས་རྣམས། ཧོང་ཀོང་གི་གནས་སྟངས་ཐོག་ཧ་ཅང་གིས་འོས་འཚམས་ཆེ་བར་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ད་རེས་ཚད་མ་རྣམ་འགྲེལ་གྱི་བཀའ་ཆོས་སྐབས། རྒྱལ་ཁབ་ཁག་༥༥ནས་ཁྱོན་བསྡོམས་མི་གྲངས་ལྔ་སྟོང་ལྷག་བཅར་ཡོད་པར་བརྟེན། ཉིན་ཐ་མ་དེར་༧གོང་ས་མཆོག་གིས་མི་མང་ཚོར་བྱང་ཆུབ་སེམས་དཔའི་སྡོམ་པའང་སྩལ་གནང་མཛད་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org