འཛམ་གླིང་ཞི་བདེ་ནི་ནང་སེམས་ཀྱི་ཞི་བདེ་ལ་བརྟེན་ནས་ཡོང་དགོས་པ་རེད། ༧གོང་ས་མཆོག་གིས།
བསྟན་པ་སྤྱི་དང་ལྷག་པར་དུ་དགེ་ལུགས་ཀྱི་བསྟན་པ་འཛིན་པ་ཚོས་མི་མང་ལ་ཆོས་དང་དགེ་ལུགས་ཀྱི་བསྟན་པ་སྤེལ་བའི་འདུ་ཤེས་མིན་པར་ཤེས་ཡོན་དང་མིའི་རྣམ་དཔྱོད་གོང་སྤེལ་གྱི་དོན་དུ་ཧུར་ཐག་གནང་དགོས་པ་༧གོང་ས་མཆོག་གིས་བཀའ་བསྩལ་འདུག
- 2021-06-01
-
-
-
Your browser doesn’t support HTML5 audio
བསྟན་པ་སྤྱི་དང་ལྷག་པར་དུ་དགེ་ལུགས་ཀྱི་བསྟན་པ་འཛིན་པ་ཚོས་མི་མང་ལ་ཆོས་དང་དགེ་ལུགས་ཀྱི་བསྟན་པ་སྤེལ་བའི་འདུ་ཤེས་མིན་པར་ཤེས་ཡོན་དང་མིའི་རྣམ་དཔྱོད་གོང་སྤེལ་གྱི་དོན་དུ་ཧུར་ཐག་གནང་དགོས་པ་༧གོང་ས་མཆོག་གིས་བཀའ་བསྩལ་འདུག
ལོ་ལྟར་འཆར་ཅན་ལྟར། རྡ་རམ་ས་ལ་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་གོ་སྒྲིག་ལྟར། ༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོ་ལ་ནང་ཆོས་ངོ་སྤྲོད་གནང་སྲོལ་ཡོད་ནའང་། ད་ལོ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དབང་གིས་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད། སྤྱི་ཟླ་༦་པའི་ཚེས་༡་ནས་༢་བར་༧རྗེ་རིན་པོ་ཆེའི་རྟོགས་བརྗོད་འདུན་ལེགས་མ་བཀའ་ཁྲིད་དང་འབྲེལ། བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་བཞིན་པའི་ཉིན་དང་པོར། ༧གོང་ས་མཆོག་གིས་བོད་ཕྱི་ནང་གང་དུ་ཡིན་ནའང་། བསྟན་པ་སྤྱི་དང་ལྷག་པར་དགེ་ལུགས་ཀྱི་བསྟན་པ་འཛིན་མཁན་ཚོས། མི་མང་ལ་ཆོས་དང་དགེ་ལུགས་ཀྱི་བསྟན་པ་སྤེལ་བའི་འདུ་ཤེས་ཀྱི་ཐོག་ནས་མིན་པར། ཤེས་ཡོན་དང་མིའི་རྣམ་དཔྱོད་གོང་སྤེལ་གྱི་དོན་དུ་ཧུར་ཐག་གནང་དགོས་པའི་བཀའ་གནང་ཡོད་པ་རེད།
གཞན་ཡང་༧གོང་ས་མཆོག་ལ་བོད་རིགས་གཞོན་སྐྱེས་སློབ་ཕྲུག་ཚོས་དྲི་བ་དྲིས་ལན་གྱི་སྐབས། ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་བཀའ་འདྲི་ཞུས་པར། ནད་ཡམས་ཀྱིས་ལུས་ལ་སྡུག་བསྔལ་བསྐྱེད་པ་དང་སེམས་ལ་རྔམ་སྐྲག་བསྐྱེད་པ་བཅས་ཡོང་གི་ཡོད་ཅིང་། ནང་སེམས་ཀྱི་ཉོན་མོངས་དུག་གསུམ་གྱི་དབང་གིས་ཕྱིའི་ནད་ཀྱང་ཡོང་བཞིན་པ་ཡིན་པས། དུག་གསུམ་ཉོན་མོངས་བསལ་ནས་ཐར་པ་འཐོབ་ཐབས་བྱས་ན། སྤྱིར་བཏང་གི་ནད་ཡམས་སོགས་རྩ་བ་ནས་འགག་འགྲོ་ཡི་རེད་ཅེས་བཀའ་གནང་གི་འདུག
ཡང་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ཡོང་བ་དང་། འཛམ་གླིང་གི་མི་ཐེར་འབུམ་བདུན་ལྷག་ཅིག་ཡོད་པ་དེ་ཚོ་བྱམས་བརྩེ་ལྡན་པ་ཞིག་ཡོང་ན་བསམས་ནས་སྨོན་ལམ་དང་འབད་བརྩོན་བྱས་བསྡད་ཡོད་ཅིང་། སེམས་ལ་བྱམས་བརྩེ་ཡོད་ན་གཞན་ལ་འཚེ་བ་རང་ཤུགས་ཀྱིས་འགག་འགྲོ་བ་དང་། ཞི་བདེ་ཟེར་བ་དེ་ཡང་སེམས་ཀྱི་ཞི་བདེ་ལ་བརྟེན་ནས་ཡོང་དགོས་པ་རེད་ཅེས་དང་། དེང་སང་ང་ཚོ་ནང་པ་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་བྱེད་དགོས་པ་དང་། དེ་ནི་ཕ་མེས་ནས་བརྒྱུད་པའི་ནང་པའི་ཆོས་ཀྱི་ལྟ་གྲུབ་ཡོད་པའི་ཐོག་དེང་རབས་ཚན་རིག་གི་རྣམ་གཞག་ཀྱང་ཤེས་དགོས་པའི་བཀའ་གནང་ཡོད་པ་རེད།
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ནས་བོད་རིགས་གཞོན་སྐྱེས་ཚོར་ལོ་རེ་བཞིན་ནང་ཆོས་ངོ་སྤྲོད་ཀྱི་སྐབས་སུ། རྒྱ་གར་དང་བལ་ཡུལ། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ནས་བོད་རིགས་གཞོན་སྐྱེས་སྟོང་ཕྲག་ཁ་ཤས་རེ་འཆར་ཅན་དུ་འཛོམས་ཀྱི་ཡོད་ཅིང་། ད་ལོ་འདི་ནི་༧གོང་ས་མཆོག་གིས་བོད་མི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་ཐེངས་༡༥་དེ་ཆགས་ཀྱི་ཡོད་པ་དང་། རྡ་རམ་ས་ལ་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་ཕྱི་ལོ་༢༠༠༦་ལོ་ནས་ལོ་རེ་བཞིན་༧གོང་ས་མཆོག་ལ་གསོལ་འདེབས་ཞུས་ནས་ནང་ཆོས་ངོ་སྤྲོད་གོ་སྒྲིག་གནང་གི་ཡོད་པ་མ་ཟད། རེས་གཟའ་ཉི་མ་རྟག་པར་བོད་མི་ཚོར་དགེ་བཤེས་རྣམ་པས་ནང་ཆོས་ངོ་སྤྲོད་ཀྱང་གོ་སྒྲིག་གནང་གི་ཡོད་པ་རེད།