བདེ་སྐྱིད་ནི་མི་ཚེའི་དགོས་དོན་སྙིང་པོ་ཡིན།
༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མང་ཚོགས་སྟོང་ཕྲག་བརྒལ་བར་བརྗོད་གཞི་འདྲ་མིན་ཐད་བཀའ་སློབ་གནང་འདུག
-
2017-02-06 -
-
-
༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མང་ཚོགས་སྟོང་ཕྲག་བརྒལ་བར་བརྗོད་གཞི་འདྲ་མིན་ཐད་བཀའ་སློབ་གནང་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་ཏལ་ཀ་ཏོ་ར་རྩེད་ཐང་ཆེན་མོར་Talkatora Stadium་ཕྱི་ཚེས་༥་རེས་གཟའ་ཉི་མའི་ཉིན་མང་ཚོགས་སྟོང་ཕྲག་བརྒལ་བར། དེང་དུས་རྒྱ་གར་སྤྱི་ཚོགས་ནང་གནའ་བོའི་རྒྱ་གར་གྱི་ལེགས་བཤད་སླར་གསོ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྐྱངས་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བིདྱཱ་ལོཀ་Vidyaloke་ཞེས་རྒྱ་གར་གནའ་རབས་ལེགས་སྦྱང་སླར་གསོའི་བསྟི་གནས་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཏལ་ཀ་ཏོ་ར་ Talkatora་ཞེས་པའི་རྩེད་ཐང་ཆེན་མོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཞབས་སོར་འཁོད་སྐབས་བསྟི་གནས་ཁང་གི་གཙོ་འཛིན་སྐུ་ཞབས་ཨ་ནལ་ཇི་ཏི་སིངྒ་ཁྱོ་ཤུག་Mr & Mrs Analjit Singh་གཉིས་དང་། བུ་སྐུ་ཞབས་ཝིར་Veer་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
སྐུ་ཞབས་ཝིར་Veer་ལགས་ཀྱིས་མི་མང་༣༠༠༠་བརྒལ་བར་འཚམས་འདྲིའི་གསུང་བཤད་གནང་བ་དང་སྦྲགས་དེང་འཛམ་གླིང་ནང་ཕྱིའི་དངོས་པོ་འཛུགས་སྐྲུན་གྱི་གཙོས་དཔལ་འབྱོར་གྱི་གནས་སྟངས་སོགས་ཡར་རྒྱས་ཕྱིན་ཡོད་ཀྱང་འགྲོ་བ་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ཐད་ཧ་ཅང་ཉེན་ཚབས་ཆེ་བའི་དུས་ཚོད་གཅིག་ཆགས་ཡོད་པ་མ་ཟད། དེ་སྔ་ལས་ཉེན་ཚབས་ཆེ་བའི་གནས་སྟངས་འོག་གནས་ཡོད་སྐོར་སོགས་ངོ་སྤྲོད་ཞུས་བ་དང་བསྟུན་གོང་ས་མཆོག་གིས་བཀའ་སྩལ་དོན། བདེ་སྐྱིད་ནི་མི་ཚེའི་དགོས་དོན་སྙིང་པོ་རེད། ང་ཚོ་འཚོ་དང་མ་འཚོ་ཟེར་བ་དེའང་འབྱུང་འགྱུར་གནས་སྟངས་བཟང་པོ་ཞིག་ཡོང་རྒྱུ་རེད་ཅེས་རེ་བ་དེའི་ཐོག་ནས་འཚོ་བཞིན་ཡོད། ད་ལྟ་ཁྱེད་ཚོས་དབྱངས་ཅན་ལྷ་མོའི་བསྟོད་དབྱངས་གསན་ཡོད། ཤེས་རབ་ཀྱི་ལྷ་རེད། ནང་པ་སངས་རྒྱས་པའི་ལྟ་གྲུབ་ནས་གསུང་སྐབས་ཤེས་རབ་བརྗོད་སྐབས་གཙོ་བོ་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་གོ་བ་རེད། སྟོང་པ་ཉིད་བརྗོད་སྐབས་གང་ཡང་མེད་པའི་གོ་དོན་མ་རེད། རང་ངོས་ནས་གྲུབ་པས་སྟོང་བ་ཞིག་ལ་བརྗོད། ཆོས་རྣམས་ཕན་ཚུན་རྟེན་འབྲེལ་ལྟོས་གྲུབ་ཡིན་པར་བརྟེན་བྱ་བྱེད་འཐད་པ་རེད། གལ་ཏེ་ཆོས་རྣམས་ཕན་ཚུན་གཅིག་གི་གཅིག་ལ་བརྟེན་མི་དགོས་པར་ཕན་ཚུན་ལྟོས་མེད་ཡིན་ན་བྱ་བྱེད་ཀྱང་མི་འཐད་ཅེས་སོགས་ཀྱི་བཀའ་སློབ་སྩལ་འདུག
༧གོང་ས་མཆོག་གིས་སྤྱི་ཚེས་༦་ཉིན་རྒྱལ་ས་ལྡི་ལི་ནང་རྟེན་གཞི་བྱེད་པའི་Jesus དང་། Maryཆོས་སྡེ་ཁང་དུ་བྱམས་བརྩེ་དང་། ཀུན་སྤྱོད། དེ་བཞིན་བདེ་སྐྱིད་ཀྱི་རྩ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་འདུག།
གསར་འགོད་པ་གུ་རུ་ཆོས་སྐྱིད་དང་། བོད་རྒྱལ།